ལོ་རྒྱུས་ཡིག་ཆ་འདི་བཞིན་ལེགས་སྒྲིག་བྱེད་པའི་དགོས་པ་ནི་ཚང་མས་སྔོན་གྱི་ཉམས་མྱོང་སྣ་ཚོགས་ལ་སྤྱི་བསྡོམས་མཛད་ནས།
དེང་གི་སྤྱི་ཚོགས་འདི་
དཔལ་ཡོན་གཉིས་ཀའི་ཆ་ནས་གྱ་ནོམ་ཕུན་ཚོགས་སུ་སྤེལ་བའི་ཆེད་དུ་ཡིན།
འོན་ཏེ། ཐོག་མའི་རྩོམ་སྒྲིག་གི་དུས་ན་དགོན་པ་མང་ཤོས་ཀྱི་ལོ་རྒྱུས་
ཡིག་ཚང་རྣམས་བོར་བརླག་སོང་རྐྱེན་བདག་ཅག་གི་ལག་ཏུ་མ་སོན་པ་དང་།
ལོ་རྒྱུས་ལ་ཅུང་ཙམ་མྱོང་གོམས་ཆེ་བའི་རྒན་རབས་རྣམས་ཀྱང་ཞལ་མ་
བཞུགས་པའི་སྟབས་ཀྱིས།
ང་ཚོས་དགོན་པ་ཁག་ལ་རང་རང་གི་ལོ་རྒྱུས་འབྲི་རུ་བཅུག་སྟེ་དེ་ཉིད་བསྒྲིགས་ཤིང་།
ཞུ་དག་སླད་མེད་ཡོང་ཕྱིར་བསྐྱར་དུ་
མ་ཕྱི་ཁོ་ཚོར་ཕུལ་ནས་བསམ་འཆར་བསྡུ་ལེན་བགྱིས།
དེས་ན་དགོན་ཁག་འགའི་ལོ་རྒྱུས་མང་བ་དང་འགའ་ཤས་ཉུང་བའི་རྒྱུན་མཚན་ཀྱང་ཐོག་མའི་
མ་ཡིག་ལ་གཞི་བཅོལ་བ་དང་།
ཐ་ན་དགོན་ཁག་ཁ་ཤས་ཀྱིས་ལོ་རྒྱུས་བྲིས་པ་གཏན་ནས་མེད་སྟབས་ང་ཚོས་ས་བཅད་མ་སྟོང་ཙམ་འགོད་པ་ལས་
ཐབས་གཞན་མ་བྱུང་། གཤམ་དུ་སྒྲིག་ཚུལ་སྐོར་ཅུང་ཙམ་ཞུ་ན། ༡
དགོན་པ་སོ་སོའི་བླ་གྲྭ་དང་སྐུ་གསུང་ཐུགས་རྟེན་གྱི་གྲངས་ཀ་རྣམས་དམངས་གཙོ་
བཅོས་བསྒྱུར་གྱི་ཡར་སྔོན་དེ་རྒྱལ་ཁབ་ཀྱི་ཡིག་ཚགས་བཞིན་དང་ད་ལྟའི་སྐོར་ནི་དངོས་ཡོད་གནས་ཚུལ་ལ་གཞི་རྐང་བཅོལ་ཡོད།
༢ བླ་སྤྲུལ་རྣམས་ཀྱི་
རྣམ་ཐར་རེ་རེ་བཞིན་ཞིབ་རྒྱས་སུ་འགོད་པར་མོས་ཀྱང་གནས་སྐབས་དཔྱད་གཞིའི་ཡིག་ཆ་དཀོན་པས་སྐབས་འདིར་གང་ལག་སོན་བྱུང་རིགས་
བསྟར་ཆགས་སུ་བཀོད་ཡོད། ༣
དགོན་པའི་གོ་རིམ་ནི་ལོ་རྒྱུས་ཡུན་རིང་ཐུང་དང་དཔལ་འབྱོར་གྱི་འཁོས་ཆེ་ཆུང་ལ་མ་ལྟོས་པར་རྒྱུན་མིང་རྣམས་ཀ་
ཕྲེང་གི་རིམ་པ་ལྟར་བསྒྲིགས་ཡོད། ༤
དགོན་ཁག་སོ་སོར་མཆོད་བརྗོད་རེ་བྲིས་ན་སྣག་ཤོག་གྲོན་པའི་རྒྱུ་དང་ཀླན་ཀའི་རྐྱེན་ལས་མ་མཐོང་བས་སྤྲོས་
པ་བསྐྱུངས་ནས་གྲུབ་མཐའ་ཁག་གི་རྩ་བརྒྱུད་བླ་མ་རྣམས་ལ་མཆོད་བརྗོད་བསྡོམས་ནས་སྤེལ་ཡོད།
༥ ལོ་རྒྱུས་ལ་ཞིབ་པ་གལ་ཆེ་བ་ལེགས་པར་
འཁུམས་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མདོར་བསྡུས་སུ་དྲིལ་བའི་ཡིག་ཚགས་འདིར་ད་དུང་ནོར་འཁྲུལ་འགལ་འཕྱུགས་ནི་གང་མང་ཡོད་ངེས་
པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་སྐྱོན་བརྗོད་ལེགས་འཆོས་ལྷུག་པོར་གནང་བར་མཁྱེན།
སྒྲིག་པ་པོས་༡༩༩༨ལོའི་ཟླ་༡ཚེས་༡༥ལ་ཕུལ།