¡¡

༄༅། །རྡོ་རེས་སྔགས་ཁང་།

   དབུས་གཙང་དག་པའི་ཞིང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ཉེ་བའི་ཆར། དགེ་བའི་བཤེས་གཉེན་ཆེན་པོ་སྡེ་སྣོད་འཛིན་པ་རྡོ་
རམས་པ་ཆོ་ལོ་མངའ་བ་ཞིག་ལ། ཆུ་བོ་གསེར་ལྡན་གྱི་བྱང་རྒྱུད་དུ་བསྟན་དང་འགྲོ་ཕན་རླབས་པོ་ཆེ་འབྱུང་བ་ལུང་བསྟན་པར་རིམ་བཞིན་
བཙལ་ནས་ས་འདི་གའི་རྒྱུ་ཚོགས་ཕུན་སུམ་ཚོགས་པ་ལ་གཟིགས་ནས་དགོན་ལུང་ཐང་ཞེས་པར་དགོན་པ་བཏབ། སྒོམ་ཆེན་སྒང་དུ་སྒོམ་སྒྲུབ་
མཛད་པས་སྒོམ་ཁང་ཡང་ཟེར། སྒོམ་ཆེན་ཟུར་ཆགས་ནས་ད་ལྟ་སྒོམ་ཆག་ཟེར། ཆོས་རྗེ་དོ་རིན་པོ་ཆེས་མཚོ་གཞིས་ཀ་མ་ནས་དགོན་པ་འདེབས་
སར་ཆུ་ཡོད་མེད་དྲིས་ཟེར་བ་དེ་བླ་མ་འདི་ཚང་ཡིན་ཀྱང་ཟེར། དེ་ལྟར་བླ་མ་རྡོ་རམས་ཚང་གི་མཚན་ཡུལ་མིང་དུ་གྱུར། ད་ལྟ་རྡོ་རེས་ཚང་ཞེས་
འབྲི་བ་བརྗོད་མ་དག་པའི་ཤན་ནོ། །
  སྡེ་རིས་ནི། ཕྱུགས་ཟོག་སྐྱོང་བའི་འབྲོག་པ་སོ་ནམས་པའི་ཞིང་ལ་སྨོན་ནས་ཤོད་དུ་མཆེད། མདའ་ཞིང་ལས་པས་ཕྱུགས་སྤེལ་བར་བརྩམས་
ནས་ཡར་ཐོན། པྲ་སྡེ་ནས་མཆེད་པའི་སྒོ་མེ་རི་རང་འབར་ཚང་གི་རྒྱུད་ཞོ་ཆགས་པའི་རུ་མ་བྱས་ཚུལ། རུས་མཛོད་ཟ་འོག་རས་མ་དང་། དེབ་
ཐེར་ནང་བཞིན་བྲིས་ན་ཡིག་ཚོགས་ལ་འཇིགས། མཆོད་གནས་དགོན་པ་ཆགས་ཚུལ་ནི། གཏེར་ཆེན་ཀརྨ་གླིང་བ་རབ་བྱུང་བཞི་པའི་ནང་ལ་
བྱོན་པ་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ན་གསལ་ལ། དེའི་རྗེས་མི་འགྱང་བར་དུང་མཚོ་རས་ཆེན་བྱོན་པར་གསུངས་པས། དེ་དག་གི་ཆོས་ཚན་
སྔོན་གྱི་ཚོགས་འདོན་བྱེད་པར་མངོན་ལ། སྐབས་དེར་འདུ་ཁང་གྱན་གསུམ་ཡོད་པར་གྲགས། བླ་མ་དང་ཆོས་བརྒྱུད་ཀྱི་བྱུང་བ་གསལ་བོར་བརྗོད་
དུ་མེད་ཀྱང་འཕེལ་འགྲིབ་ཙམ་ལས་གཏན་དུ་མེད་པར་མ་གྱུར་པ་ཆོས་ཚན་ད་རུང་ངག་འདོན་དུ་བྱེད་པས་ཤེས་ལ། དེང་དུས་སྨིན་གླིང་དུ་སྒྱུར་
ཚུལ། རབ་བྱུང་བཅུ་པའི་ནང་དུ་སྐུ་ཞོག་སྟོང་སྐོར་ཚང་དང་། ཏང་ཀྱཱ་ཚང་སོགས་ཕེབས། དབང་ལུང་གི་རྒྱུད་པ་སྤེལ། ཆོས་རྒྱུན་དང་སྒྲུབ་རྒྱུན་
ཚུགས་འདུ་ཁང་གྱན་ལྔ་བཞེངས། དེའི་རྗེས་སུ་སྐུ་ཞོག་ཧོར་ཚང་ཞུས་ནས་བདུད་འདུལ་ཀི་ལ་ཡའི་དབང་ལུང་གནང་། ཉིན་ལྔའི་སྔགས་སྒྲུབ་
བཙུགས། རྟེན་སྐལ་དུ། དབུ་ཞྭ་དང་། སྐུ་ཆས་གནང་། ཏང་ཀྱཱ་བདུད་འདུལ་རྡོ་རྗེ་བྱོན། དགོན་བདག་གི་བླ་མར་བཀུར། འདུ་ཁང་ཆེན་མོ་
བཞེངས། དགོན་མིང་བདུད་འདུལ་ཐེག་ཆེན་གླིང་དུ་བསྩལ། བཤད་སྒྲུབ་ཀྱི་རྒྱུད་འཛིན་མིང་དུ་བསྐྲུན། ལྡན་གྲོལ་གཉིས་ལྡན་གྱི་རིག་འཛིན་དུ་
མ་བྱོན། མིང་དོན་མཐུན་པའི་སྒྲུབ་སྡེ་ཁྱད་པར་ཅན་དུ་གྱུར། རབ་བྱུང་བཅུ་གསུམ་པའི་ནང་། ཏང་ཀྱཱ་དགོན་གྱི་དགོན་སྒོ་ཞེ་ཆེན་ལ་ཕུལ་སྐབས།
ཏང་ཀྱཱ་ཚང་གིས་བཀའ་བསྩལ་བ་ལྟར། དགོན་སྒོ་ཞེ་ཆེན་ལ་བཏགས། དེ་དུས་མཚན་ལ་བཀྲ་ཤིས་འཕྲིན་ལས་གྲུབ་པའི་དགའ་ཚལ་དུ་གསོལ།
འགྲིག་ལམ་ཀུན་སྤྱོད། བཅའ་འབུད་རྡུང་གསུམ་ཞེ་ཆེན་དང་བསྟུན། དེའི་རྗེས་ནས་ང་བརྒྱད་དུས་འགྱུར་གྱི་ཆག་སྒོ་ལ་གོང་རིམ་ནས་ཆོས་
ལུགས་དད་མོས་རང་དབང་གི་སྲིད་ཇུས་ལ་བརྟེན་ནས་ཕྱི་ལོ་༡༩༨༣ལོར་དགོན་སྒོ་ཕྱེས། ༡༩༨༤ལོར་སྔོན་གྱི་འདུ་ཁང་གི་ཚད་ལས་མ་བརྒལ་
བར་དགོས་མཁོ་དང་མཐུན་པ་རྟེན་བརྟེན་པར་བཅས་པ་ལེགས་པར་གྲུབ། །