¡¡

༄༅། །མཛོ་སྣའི་སྔགས་དགོན།

   མཛོ་སྣའི་སྔགས་དགོན་ཕུན་ཚོགས་བཀྲ་ཤིས་ཆོས་གླིང་ཞེས་པ་འདི་ཕལ་ཆེར་དུས་རབས་དགུ་པའི་མཇུག་ཙམ་ལ་ཆགས་པ་འདྲ། དེ་ཡིན་
པའི་རྟགས་ནི། དེའི་སྐབས་སུ་དཔལ་འབྱོར་རིག་གནས་དང་འཚོ་བ། ཐོན་སྐྱེད་ཡོ་བྱད་སོགས་ཅུང་རྗེས་ལུས་ཡིན་པས། ཐ་ན་ཕྱེ་རྩམ་སོགས་
འཐག་བྱེད་ཆུ་འཁོར་ཡང་མེད་པར། གྲོ་ནས་སོགས་འབྲུ་རིགས་རྡོ་གཏུན་དུ་རྡུང་ནས་གཡོ་སྐོལ་བྱས་པ་ཡིན་ཞེས་ངག་རྒྱུན་ལ་གྲགས། དེའི་
སྐབས་ཀྱི་རྡོ་གཏུན་དེ་དག་ད་ལྟའི་བར་དུ་ཡོད་པར་དཔགས་ན་དགོན་འདི་ཆགས་ནས་ལོ་ཆིག་སྟོང་ལྷག་འགོར་ཡོད་པ་གདོན་མི་ཟ། གང་ལྟར་
སྔགས་དགོན་འདི་ཐོག་མར་ཆགས་སྐབས་གཞི་རྒྱ་ཆུང་ཞིང་དགེ་འདུན་པ་བཅུ་ལྷག་དང་འདུ་ཁང་གྱན་བཞི། ཇ་ཁང་དང་གཉེར་ཁང་གྱན་བཞི་
བཅས་བསྡོམས་པས་ཁང་བ་གྱན་བརྒྱད་དགུ་ཙམ་དང་། ནང་རྟེན་གཙོ་བོ་སློབ་དཔོན་པདྨ་འབྱུང་གནས་སོགས་སྨན་སྐུ་ཆུང་བ་འགའ་ལས་མེད་
ཀྱང་། རྗེས་སུ་རིམ་བཞིན་གནས་འདིར་མང་ཚོགས་ཀྱི་འཚོ་བ་དང་། དཔལ་འབྱོར། རིག་གནས། ད་དུང་སྡེ་འདིའི་མི་གྲངས་དང་བཅས་འཕེལ་
རྒྱས་བྱུང་བ་དང་ཆབས་ཅིག དགོན་པའི་ཆོས་ཚོགས་ལ་ཞུགས་པའི་སྔགས་པའང་ཇེ་མང་ལ་སོང་བས་ཆོས་འདོན་མི་སྣ་བཞི་བཅུ་ལྷག་བྱུང་ཞིང་།
ཆོས་དད་སྦྱིན་བདག་གིས་ཀྱང་དགོན་འདིར་སྔར་ལས་ལྷག་པའི་ཞབས་ཏོག་སྒྲུབ་བཞིན་ཡོད། འོན་ཀྱང་སྔོན་གྱི་འདུ་ཁང་དེ་ཧ་ཅང་རྙིང་ཞིང་
གཞི་རྒྱ་ཆུང་བ་སོགས་ལ་དམིགས་ནས་འདུ་ཁང་སླར་གསོ་བྱེད་ཆེད། དབུ་མཛད་ལྷུན་གྲུབ་དང་སྔགས་འཆང་ཕྱག་རྡོ་མཐུ་སྟོབས་སོགས་ལས་
འཛིན་མི་སྣ་དང་། སྡེ་འདིའི་རྒན་པ་བསམ་ཤེས་བཅས་ཐུན་མོང་ནས་གྲོས་མཐུན་བྱུང་སྟེ། ཁམས་སངས་རྒྱས་རྡོ་རྗེའི་ཡང་སྲིད་ཁམས་སྐུ་ཆེན་
ཚང་དགོན་བདག་གི་བླ་མར་བསྐོས་ཤིང་། གསང་སྔགས་རྙིང་མའི་བཀའ་ཆོས་གནང་དགོས་ཚུལ་སོགས་ཞུས། ཕྱི་ལོ་༡༩༠༣ལོར་ཁམས་སྐུ་ཆེན་
ཚང་སྐུ་དངོས་སུ་དགོན་པའི་ཚོགས་བླར་ཕེབས་ཤིང་། དབང་ལུང་ཁྲིད་གསུམ་སོགས་བཀའ་ཆོས་ཀྱི་རྒྱུད་པ་བཞག ཕྱི་ལོ་༡༩༣༠ལོར་ཁམས་སྐུ་
ཆེན་ཚང་གིས་རྟ་ནོར་ཉི་ཤུ། དངུལ་སྒོར་ལྔ་བརྒྱ་འབྲུ་རིགས་འབོར་ཆེན་བཅས་མཛོ་སྣའི་འདུ་ཁང་གསར་བཟོ་བྱེད་རྒྱུའི་མ་དངུལ་ལ་གནང་།
རང་སྡེའི་ཆོས་དད་སྦྱིན་བདག་རྣམས་ཀྱིས་ཀྱང་མི་དང་རྒྱུ་ནོར་གྱིས་རོགས་སྐྱོར་བྱས་ཏེ། འདུ་ཁང་བཟོ་སྐྲུན་གྱི་མགོ་བརྩམས། ལོ་གཉིས་ཀྱི་ཡུན་
ལ་འདུ་ཁང་གྱན་ལྔ་བཅུ་དང་། ཇ་ཁང་། འགྲུལ་ཁང་སོགས་གྱན་བཅོ་ལྔ། ཕྱིའི་ལྕགས་རི། རྒྱ་ཕིབས། གསེར་ཏོག་དང་རི་དྭགས་ཕོ་མོ་བཅས་འདུ་
ཁང་ངོ་མཚར་བ་ཞིག་དང་། ནང་རྟེན་དུ་གཙོ་བོ་སློབ་དཔོན་པདྨ་འབྱུང་གནས་སོགས་སྨན་སྐུ་ཆེ་བ་ལྔ་དང་གཞན་ཡང་སངས་རྒྱས་བྱང་སེམས་
གྱི་བྲིས་སྐུ་མང་པོ་བཅས་བཞེངས་པ་མ་ཟད། སྔར་ཡོད་ཆོས་ཚོགས། ལྔ་པའི་གུར་དྲག བཅུ་པའི་སེང་གདོང་། བཅུ་གཅིག་པའི་ཚེ་སྒྲུབ་བཅས་ཉིན་
བདུན་ལ་འདོན་རྒྱུ་དང་། ཟླ་བརྒྱད་པའི་ནང་ལ་ཞི་ཁྲོའི་སྟོང་མཆོད་ཀྱང་ཉིན་བདུན་ལ་འདོན་དགོས་པ་སོགས་མཛད། དགོན་པའི་སྒྲིག་ལམ་
དང་ཆོས་ཚོགས་འདོན་ཚུལ་སོགས་ཁམས་རྫོགས་ཆེན་དགོན་པའི་ཕྱག་ལེན་དང་མཐུན་པར་མཛད། གཞན་ཡང་ཕྱི་ལོ་༡༦༣༩ལོར་ཁམས་སྐུ་
ཆེན་གྱིས་རྫོགས་ཆེན་དགོན་པའི་སྤྲུལ་སྐུ་མགོན་པོ་དང་སིདྡྷི་སོགས་དཔོན་གཡོན་ལྔ་གདན་དྲངས་ཏེ་ལོ་རེའི་ལྔ་པའི་གུར་དྲག་གི་ཉིན་ཐ་མར་
གར་འཆམ་སོགས་བྱེད་ཀྱིན་ཡོད། མཛོ་སྣའི་གེ་སར་གྱི་གར་འཆམ་འདི་ནི་མཚོ་སྔོན་ས་ཕྱོགས་སྔ་གྲས་ཡིན། །
  ཕྱི་ལོ་༡༩༥༨ལོའི་བསྒྱུར་བཀོད་དང་། རིག་གནས་གསར་བརྗེ་སྐབས་ཀྱི་རླུང་འཚུབ་དེས་དགོན་པའི་འདུ་ཁང་དང་ལྷ་རྟེན་སོགས་ལ་ཆག་
འཇིག་ཚབས་ཆེན་བྱུང་། ཕྱིས་ཆོས་དད་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་སྒོས་དགོན་པའི་འདུ་ཁང་དང་ནང་རྟེན་སླར་གསོ་བྱས། ཕྱི་ལོ་
༡༩༨༨ལོའི་ཟླ་༨ཚེས་༡༩ལ་མཚོ་ལྷོ་ཁུལ་ལྷན་ཚོགས་ཀྱི་ཡིག་ཆ་ཨང་༩༦ལྟར་མཛོ་སྣ་སྔགས་དགོན་གྱི་ཆོས་སྒོ་འབྱེད་པའི་ཆོག་ཆེན་གནང་། ཕྱི་ལོ་
༡༩༩༡ལོའི་ཟླ་༥ཚེས་༣༡ལ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་ཁས་ལེན་དང་ཁྱབ་སྒྲོག་བྱས།
གཞན་ཡང་དགོན་འདིའི་ཆོས་འདོན་མི་སྣ་རྒན་གཞོན་སུ་ཡིན་ཡང་། གོང་བཤད་ཆོས་ཚོགས་ཆེ་བ་བཞི་སོགས་ཉིན་སུམ་ཅུ་ལས་རྒྱུན་དུ་ངལ་
རྩོལ་ལ་ཞུགས་དགོས། འབྲུ་རིགས་འདེབས་ས་མུའུ་བརྒྱད་དང་། སྡོང་འཛུགས་ནགས་སྐྲུན་བྱེད་ས་མུའུ་སུམ་ཅུ་ས་རྒོད་བདེ་ཐང་བྱས་ཏེ། སྡོང་
ཕྲུག་ཉིས་སྟོང་ལྷག་བཙུགས་ཤིང་དགོན་པའི་རང་ཁ་རང་གསོ་བྱེད་རྒྱུའི་ལམ་ཕྱོགས་ལ་འབད་བཞིན་ཡོད། མདོར་ན་དགོན་འདིའི་རྒྱ་ཁྱོན་མུའུ་
བཞི་དང་ཁང་བ་གྱན་རེ་ལྔ། ད་ཡོད་ཆོས་འདོན་སྔགས་པ་ཉེར་བརྒྱད། ལོ་རེར་ཆོས་ཚོགས་ཉིན་བདུན་ཅན་ཐེངས་བཞི། བདུན་པའི་ཚེས་བཅུ་
བཅས་གཏན་ཆགས་སུ་གྱུར་ཡོད་དོ། །