|
གནས་འདིར་ཐོག་མར་རབ་བྱུང་བཅུ་གསུམ་པའི་ནང་མ་ཎི་ཁང་ཞིག་ཡོད་ལ།
ནང་དུ་མ་ཎི་འཁོར་ལོ་ཆེན་པོ་ཞིག་ཡོད་པའི་བདག་གཉེར་
བ་རྒྱལ་མཚན་ཟེར་བ་ཞིག་ཡིན་པས་མ་ཎི་དེ་ལ་ཚང་མས་རྒྱལ་མཚན་མ་ཎི་ཟེར།
དེ་ནས་རབ་བྱུང་བཅུ་བཞི་པའི་དཀྱིལ་ཕྱི་ལོ་༡༨༢༨ནས་
༡༨༥༠ལོ་ཙམ་ལ་ཞབས་དཀར་ཚོགས་དྲུག་རང་གྲོལ་རྨ་ཆེན་གངས་སྐོར་དུ་ཕེབས་པའི་ཕྱིར་ལམ།
ཁོང་གང་ཟག་ཐ་མལ་བའི་ཚུལ་གྱིས་མ་ཎི་
ཁང་འདིར་ཞག་བཞུགས་མཛད།
དེ་དུས་ཞབས་དཀར་བས་སྡེ་བའི་མིང་ལ་ལྷ་ཁང་ཐང་དང་ཁྱོད་ཀྱི་མིང་ལ་རྒྱལ་མཚན་ཟེར་བས་རྟེན་འབྲེལ་
ལེགས་པོ་བྱུང་། ཞེས་གསུངས་ཤིང་མ་ཎི་བར་གཟེངས་བསྟོད་བྱས།
རྨ་ཆེན་སྦོམ་རས་ཕུལ་བའི་དབུ་ཞྭ་མནབས་ནས་སྨོན་ལམ་བཏབ་ནས་ཕེབས།
དེ་ནས་མ་ཎི་བས་མ་ཎི་ཁང་རྒྱ་བསྐྱེད་ཅིང་སྔགས་པ་རྩ་འཛུགས་བྱས།
རབ་བྱུང་བཅོ་ལྔ་པའི་མགོ་ཕྱི་ལོ་༡༨༦༧ནས་༡༨༧༧ལོ་ཙམ་ལ་སྔོན་གྱི་
སྨོན་ལམ་གྱིས་ཞབས་དཀར་པའི་སྤྲུལ་སྐུ་སྐུ་ཞབས་རྒྱ་ཡན་རང་གྲོལ་སྡེ་འདིར་ཕེབས་ནས་སྔགས་འཆང་རིག་པ་འཛིན་པ་རྣམས་གཙོ་བྱས་སྐྱེ་བོ་
ཕོ་མོ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་གསང་ཆེན་བསྟན་པའི་དབུ་འཕང་དགུང་དུ་འདེགས་པའི་རྟེན་འབྲེལ་བྱུང་།
དུས་
དེར་ཁོང་གི་ཐུགས་བཀོད་བཞིན་སྔགས་འཆང་འགས་འགན་ཁུར་ཏེ་འདུ་ཁང་གྱན་ལྔ་བཅུ་ཅན་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་ལེགས་གྲུབ་
བྱུང་། །
དེའི་རྗེས་སུ་ཁམས་སངས་རྒྱས་རྡོ་རྗེ་དང་གྲུབ་པའི་དབང་ཕྱུག་ཏིང་ཀྱ་སྐུ་ཕྲེང་གསུམ་པ་བདུད་འདུལ་རྡོ་རྗེ་སོགས་ཡུལ་གྲུ་འདིར་ཞབས་
ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་གདུལ་བྱ་སོ་སོའི་འདོད་མོས་བཞིན་དབང་ལུང་ཁྲིད་གསུམ་གྱི་ཟབ་ཆོས་ཕངས་མེད་དུ་བསྩལ།
དེར་
བརྟེན་བུ་སློབ་ཐམས་ཅད་ཀྱིས་དད་གུས་བླ་ན་མེད་པས་ཏིང་ཀྱཱ་བདུད་འདུལ་རྡོ་རྗེར་སྔགས་གྲྭ་འདིར་འཛིན་བདག་གནང་བར་གསོལ་བ་
བཏབ་པར་དགྱེས་བཞིན་ཞལ་གྱིས་བཞེས་ནས་བརྩེ་བས་བསྐྱངས།
དབང་གྲགས་བསྟན་སྐྱོང་འཁོར་བཅས་ལ་བཀའ་བསྒོས་དམ་བཞག་གིས་དུས་
ཀྱི་མཐའ་འདིར་གསང་སྔགས་བསྟན་པའི་སྲུང་མར་མངའ་གསོལ་ཏེ་བཙན་ཁང་དབང་གྲགས་འབར་བའི་ཕོ་བྲང་བཞེངས།
གསར་དུ་གྲུབ་པའི་
འདུ་ཁང་ལ་དབང་ཆེན་གྲུབ་པའི་དགའ་ཚལ་ཞེས་མཚན་གསོལ།
འདུ་ཁང་གཡོན་གྱི་ཁོང་གི་གཟིམ་ཆུང་འཕྲིན་ལས་ཡིད་དགའ་ཞེས་པ་དུས་
དེར་བཞེངས། དེའི་རྗེས་སུ་སྐྱབས་མགོན་བདེ་ཆེན་རྒྱལ་བོས་ལེགས་པར་བསྐྱངས།
འདི་བ་ཞབས་དཀར་བའི་སྤྲུལ་སྐུ་སྐུ་ཞབས་རྒྱ་ཡན་རང་གྲོལ་
ལ་སྤྲུལ་སྐུ་གཉིས་བྱོན་པ་རེབ་གོང་སྐྱབས་མགོན་དང་སྒོ་མེ་སྐྱབས་མགོན་གཉིས་ཀྱི་ཕྱི་མ་ཡིན།
ཁོང་ནི་རབ་ཚེས་ས་རྟ་ལོ་ཕྱི་ལོ་༡༩༡༨ལོར་སྐུ་
འཁྲུངས། ཏིང་ཀྱཱ་བདུད་འདུལ་རྡོ་རྗེའི་གདུང་སྲས་ཡིན།
མཚན་ལ་ཨ་ལགས་གངས་ཏེ་ཡང་ཟེར། ཁོང་གིས་རབ་རྒྱལ་ཤིང་ལུག་ཕྱི་ལོ་༡༩༥༥ལོར་
སྔོན་གྱི་སྔགས་ཁང་གི་རྨང་གཞིའི་སྟེང་རྒྱ་བསྐྱེད་དེ་འདུ་ཁང་གྱན་བདུན་མ་ཅན་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་གནང་བ་སོགས་
བརྩེ་གཟིགས་གནང་།
མཐར་རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོར་ཁྲི་མོན་དུ་སྐུ་གཤེགས།
དེ་ལས་གཞན་སྔ་འགྱུར་རིང་ལུགས་འཛིན་པའི་གྲུབ་
དབང་ཆེན་པོ་ཁམས་སྟག་ཤམ་དང་། དགུ་རོང་སྣ་ཚོགས་རང་གྲོལ།
རྡོ་བ་ཆོས་ཀྱི་དབང་ཕྱུག
དགུ་རོང་རྒྱལ་སྲས། ཁམས་སྐུ་ཆེ་ཆུང་སོགས་
དམ་པ་རིམ་བྱོན་མང་པོས་དབང་ལུང་ཁྲིད་གསུམ་གྱི་ཆོས་ཆར་དགུང་ནས་ཕབ་སྟེ་སྐྱེ་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་ཆོས་སྲིད་གཉིས་
ལེགས་པར་བསྐྱངས། དུས་དེར་སྔགས་པ་བརྒྱད་ཅུ་ལྷག་ལ་སླེབས་མྱོང་། །
རྟེན་གྱི་སྐོར་ལ་འདུ་ཁང་ནང་དུ་སློབ་དཔོན་རིན་པོ་ཆེ་མི་ཚད་ཙམ།
དེའི་གཡས་གཡོན་དུ་ཞི་ཁྲོ་རྟ་མགྲིན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་
སྟོང་སོགས་ཀྱི་སྨན་སྐུ།
ཞི་ཁྲོའི་དཀྱིལ་འཁོར་སོགས་ཀྱི་གྱན་ཐང་དང་གུ་རུའི་འཁྲུངས་རབས་ཀྱི་ཐང་ག་ཉི་ཤུ།
གསུང་རྟེན་ལ། ཀློང་ཆེན་མཛོད་
བདུན་དང་སྙིང་ཐིག་ཡ་བཞི། སྙིང་ཐིག་དུམ་གཉིས་སོགས་གླེགས་བམ་གང་མང་དང་།
ཐུགས་རྟེན་ལ། ལྷ་ཁང་ཐང་གི་མཐའ་སྐོར་དུ་མཐོ་ཚད་
ལ་ཁྲུ་སུམ་ཅུ་ཡས་མས་ཡོད་པའི་བྱང་ཆུབ་མཆོད་རྟེན་བདུན་དང་ལྷ་བབས་མཆོད་རྟེན་གཅིག་བཅས་མཆོད་རྟེན་བརྒྱད་ཡོད་པ་ཚང་མ་ལོ་རྒྱུས་
ཧ་ཅང་རིང་བོ་ཡོད།
དེ་དག་ལས་ཀྱང་ལྷ་ཁང་ར་ནང་གི་བྱང་ཆུབ་མཆོད་རྟེན་ཆེན་མོ་དེ་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཡོད་པ་འདི་ལྟར།
གནའ་སྔ་མོའི་དུས་ཡུལ་འདིའི་ཁྱད་དུ་འཕགས་པའི་ལྷ་ཁང་ཞིག་ལ་དགེ་འདུན་གྱི་སྡེ་བ་ཞིག་ཡོད་པས་ཡུལ་འདིའི་མིང་ལ་ལྷ་ཁང་ཐང་ཟེར།
དེ་
ཡང་ལྷ་ཁང་འདི་གསར་དུ་བཞེངས་པའི་ལོ་ཚིགས་སོགས་གསལ་བོར་མ་ངེས་ཀྱང་།
འགའ་ཞིག་གིས་ནེའུ་ཆོས་འབྱུང་དུ། མངའ་བདག་ཁྲི་རལ་
བ་ཅན་གྱི་དུས་སུ་ལང་འགྲོ་དཀོན་མཆོག་འབྱུང་གནས་ཀྱིས་སྣང་ར་ལྷུན་གྲུབ་ལྷ་ཁང་དང་།
དྲན་པ་ནམ་མཁས་དབང་ཐང་ལྷ་ཁང་བཞེངས་
ཞེས་གསུངས་པའི་དབང་ཐང་ལྷ་ཁང་འདི་ཡིན་པར་བཤད་པ་དང་།
བླ་ཆེན་པོ་དགོངས་པ་རབ་གསལ་གྱི་ཞབས་ཟུང་འཁོར་ལོའི་རི་མོ་གནས་
འདིར་བསྒྱུར་སྐབས་ལྷ་ཁང་ཆོས་ཀྱི་སྡེ་ཚན་ལ་གཟིགས་ཏེ་ཐུགས་ཤིན་ཏུ་དགྱེས་ཤིང་ཡུལ་འདིར་ད་དུང་སངས་རྒྱས་ཀྱི་བསྟན་པ་གནས་འདུག་
ཅེས་བསྔགས་བརྗོད་མཛད་པར་གྲགས།
འདི་ལ་གཞིགས་ན་ལྷ་ཁང་འདི་བོད་ཡུལ་ན་བསྟན་པ་ཆེས་ཆེར་དར་བ་མངའ་བདག་ཁྲི་རལ་དུས་
སྐབས་ཀྱི་ཡིན་དགོས་པས་ལོ་ཆིག་སྟོང་ཆིག་བརྒྱ་ལྷག་གི་ལོ་རྒྱུས་ཡོད།
ང་བརྒྱད་ལོར་མཆོད་རྟེན་འདི་ལ་ཉམས་རྒུད་བྱུང་ནས་བང་རིམ་ཡན་
ཆད་ཞིག་རལ་དུ་གྱུར་པ་དང་།
གསེར་དངུལ་གྱིས་བྲིས་པའི་ནང་རྟེན་རྩ་ཆེན་ཐང་ག་དུ་མ་བོར་བརླག་བྱུང་ལ།
ས་ཞིང་བདེ་སྙོམས་སྐབས་སུ་
རྨང་བཤིག
ཕྱིས་སུ་སྐུ་གསུང་ཐུགས་རྟེན་གཙོ་བོ་རྣམས་ལྷན་དུ་བསྡུས་ཏེ་བྱང་ཆུབ་མཆོད་རྟེན་ཆེན་མོ་དེ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་མཆོག་
དམ་པར་བསྐྲུན།
དེ་ལས་གཞན་ཏིང་ཀྱཱ་བདུད་འདུལ་རྡོ་རྗེའི་གཟིམ་ཁང་དེ་ཕྱིས་སུ་སྲས་བདེ་ཆེན་རྒྱལ་བོས་ཞིག་གསོ་བྱས་ཏེ་ཁོང་ཉིད་བཞུགས་
པས་སྐྱབས་མགོན་སྒར་བ་ཟེར་བ་དེ་དང་།
དེའི་ཉེ་འགྲམ་དུ་ཞེ་ཆེན་རབ་འབྱམས་པའི་སྒར་བ་གཉིས་ཀྱི་ནང་དུའང་སྐུ་གསུང་ཐུགས་རྟེན་གྱིས་
ཡོངས་སུ་གང་བ་དང་།
དབང་དྲག་འབར་བའི་ཕོ་བྲང་རྟེན་དང་བརྟེན་པ་བཅས་ཕུན་སུམ་ཚོགས་པ་བཞུགས་སོ།
།
ཉམས་པ་སླར་གསོ་བྱས་པའི་ཚུལ་ནི།
རབ་རྒྱལ་ལྕགས་བྱ་ཕྱི་ལོ་༡༩༨༡ལོར་དབང་ཆེན་གྲུབ་པའི་དགའ་ཚལ་འདིའི་ཆོས་སྒོ་དངོས་སུ་དབྱེ་
བའི་ཆོག་མཆན་ཐོབ་སྟེ་དོ་དམ་ལྷན་ཚོགས་གསར་འཛུགས་གནང་།
སྔོན་གྱི་འདུ་ཁང་དང་བཙན་ཁང་གཉིས་ལ་གནོད་སྐྱོན་བྱུང་བ་དང་ནང་
རྟེན་རྣམས་གསར་དུ་བཞེངས། ནང་རྟེན་ལ་གུ་རུ་མཚན་བརྒྱད་དང་འཇམ་དབྱངས།
ཐུགས་རྗེ་ཆེན་པོ་ཕྱག་བཞི་བ། གསང་བདག་དང་བཀའ་
བརྒྱད། རྟ་མགྲིན། གེ་སར་རྒྱལ་བོ་བཅས་ཀྱི་འབག་སྐུ་གྱན་ཚད་རེ་དང་།
འོད་དཔག་མེད། སྒྲོལ་མ། གདུགས་དཀར། ཟངས་མདོག་དཔལ་རིའི་
ཞིང་བཀོད་སོགས་ཀྱི་གྱན་ཐང་དང་།
གུ་རུ་མཚན་བརྒྱད་དང་འོད་དཔག་མེད་ཀྱི་ཐང་ག་སོགས་ཧ་ཅང་མང་།
ཆོས་སྐྱོང་སོ་སོའི་ཞལ་འབག་
དང་འཆམ་ལྭ་སོགས་མཆོད་རྫས་ཀྱི་བྱེ་བྲག་མང་པོ་དང་།
རབ་རྒྱལ་མེ་ཡོས་ཕྱི་ལོ་༡༩༨༧ལོར་དད་གཏོང་ཆེ་བའི་སྦྱིན་བདག་དབང་འབུམ་རྒྱལ་
དང་སྔགས་འཆང་བློ་ལྡན་གཉིས་ཀྱིས་འདུ་ཁང་གི་མདུན་ངོས་སུ་ནང་རྟེན་བཟོ་བཀོད་ཕུན་སུམ་ཚོགས་ཤིང་འགྲོ་བའི་བསོད་ནམས་ཀྱི་མཆོག་
ཏུ་གྱུར་པའི་བྱང་ཆུབ་མཆོད་རྟེན་ལེགས་གྲུབ་བྱུང་།
རབ་རྒྱན་ས་འབྲུག་ལོའི་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ཞིང་ཆེན་མི་དམངས་སྲིད་གཞུང་
གིས་ལྷ་ཁང་ཐང་སྔགས་ཁང་འདི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲས་སུ་བཞག
ད་ལྟ་སྔགས་གྲྭ་འདིར་སྔགས་པ་ཆེ་ཆུང་ལྔ་
བཅུ་ལྷག་བཞུགས་པ་རྣམས་ཀྱིས་འགྲིག་རང་འཁུར་སྒོས་སླར་གསོ་བྱས་པའི་ཆོས་ཐོག་གི་རིམ་པ་ནི།
ཟླ་དང་པོར་བླ་མ་གསང་འདུས་ཀྱི་ཆོ་ག
དེའི་ཚེས་དགུའི་ཉིན་འབག་འཆམ།
འདིའི་ཕྱག་རྒྱུན་ནི་རབ་རྒྱལ་བགྲང་བྱ་བཅོ་ལྔ་ཡས་མས་ཙམ་ལ་ཁམས་ཞེ་ཆེན་དགོན་པའི་མཁན་པོ་ཚུལ་
ཁྲིམས་བསྟན་འཛིན་དང་།
དེ་གའི་འཆམ་དཔོན་རྣམ་གཉིས་ལྷ་ཁང་ཐང་ལ་ཕེབས་ནས་ཞེ་ཆེན་དགོན་པའི་ཕྱག་རྗེས་བཞིན་ཟླ་གསུམ་རིང་
འཆམ་ཁྲིད་བྱས་ནས་བཙུགས་པ་ཡིན།
ཟླ་བཞི་བར་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་དང་བཞི་པའི་མ་ཎི།
ཟླ་ལྔ་བར་བདེ་ཆེན་ཞིང་སྒྲུབ།
ཟླ་བཅུ་བར་བཀའ་བརྒྱད་དང་ཞི་ཁྲོ།
དེའི་ཚེས་དགུ་དང་བཅུ་གཉིས་ལ་ཆོས་སྐྱོང་རྣམས་ཀྱི་འཆམ་སྤྲོ།
འདི་ནི་རབ་རྒྱལ་གྱི་མགོར་སྔགས་འཆང་
རིག་ལྡན་ཁམས་རྫོགས་ཆེན་དགོན་པར་སོང་ནས་ལེགས་པར་ཁྲིད་པ་ཞིག་ཡིན།
འདི་ལྟར་ཕྱག་རྒྱུན་རྣམས་མ་ནོར་བའི་སྒྲ་དང་གསོ་རིག་གཙོ་
བྱས་རིག་པའི་གནས་ལ་སློབ་པ་སོགས་ཆོས་སྤྱོད་བཅུའི་བྱ་བ་རྣམས་ཡར་ཟླ་བཞིན་འཕེལ་བ་དེང་གི་གནས་ཚུལ་ལོ།
། |