¡¡

༄༅། །མཇུག་བྱང་།

   ཁྲི་ཀ་གསེར་མོ་ལྗོངས་ནི། གནའ་རབས་ཀྱི་རིག་རྫས་འགངས་ཆེན་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཡིན། རིག་གནས་ལོ་རྒྱུས་ཀྱི་དཔྱད་
ཡིག་འཚོལ་བསྡུ་དང་། ཞིབ་འཇུག་དཔར་སྐྲུན་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་བྱ་བ་གཙོ་བོ་ཞིག་ཡིན་སྟབས། ང་ཚོའི་རྫོང་གིས་ལོ་རྒྱུས་རིག་
གནས་འཚོལ་བསྡུ་དང་ཞིབ་འཇུག་བྱས་ནས་སྔར་འདས་རྒྱུན་འཛིན་དང་མ་འོངས་གསར་གཏོད་སྒོས་མེས་རྒྱལ་ལ་དགའ་ཞེན་དང་སྤྱི་ཚོགས་
རིང་ལུགས་ཀྱི་ལས་དོན་མཐའ་འཁྱོལ་བར་འབད་བརྩོན་བྱེད་ཀྱིན་ཡོད།
  ད་ལྟ་ཁྲི་ཀ་རྫོང་གི་ནང་བསྟན་དགོན་སྡེ་བཞི་བཅུ་ལྷག་གི་ལོ་རྒྱུས་ཆེད་སྒྲིག་བྱས་ཤིང་། འདི་དག་གི་འབྲི་རྩོམ་ནང་དུ་དཀར་བརྗིད་སྔགས་
ཁང་དང་། གོང་བ་དགོན་པ། ཐིས་པ་དགོན་པ་བཅས་མཚོ་ལྷོའི་སྲིད་གྲོས་ལོ་རྒྱུས་ཟིན་བྲིས་སོར་བཞག་བྱས་པ་ལས་ལེགས་བཅོས་དང་། རྩོམ་པ་
པོ་རྣམས་ཀྱི་གསུང་རྩོམ་གཞིར་བྱས། སྔོན་གྱི་གདན་རབས་རྩོམ་སྟངས་ལྟར་བརྩམས་པ་ཡིན་ལ། དཀར་ཆག་སྒྲིག་རིམ་ལའང་རྫོང་ལྟེ་བར་བཟུང་
སྟེ། བྱང་དང་། ཤར། དབུས། ལྷོ། ནུབ་བཅས་དགོན་པ་དག་གི་གནས་ཕྱོགས་ལྟར་བསྒྲིགས་ཤིང་། དེབ་འདིའི་བརྗོད་བྱ་ནི་དགོན་སྡེ་དེ་དག་གི་
གནས་ཡུལ་དང་། ལོ་རྒྱུས་ཀྱི་འཕེལ་འགྲིབ། བཟོ་བཀོད་ཀྱི་རྒྱ་ཁྱོན། དགོན་བདག་རིམ་བྱོན། སྐུ་གསུང་ཐུགས་རྟེན། ཆོ་ག་ཕྱག་སྲོལ་སོགས་མཚམས་
སྦྱོར་ཞུས་ཡོད།
  རྩོམ་སྒྲིག་བྱ་བའི་ཉམས་མྱོང་མེད་པ་དང་དུས་ཚོད་ཐུང་བ། ཆུ་ཚད་དམའ་བའི་རྐྱེན་གྱིས་དེབ་འདིའི་ནང་དུ་འགལ་འཁྲུལ་མཆིས་སྲིད་
པས་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་སྐྱོན་སེལ་དགེ་སྤེལ་གནང་བ་ཞུ་རྒྱུ་དང་ཆབས་ཅིག་དཔྱད་དེབ་འདིའི་རྩོམ་སྒྲིག་དང་དཔར་སྐྲུན་གྱི་བྱ་བར་
གོང་རིམ་མགོ་ཁྲིད་རྣམས་ཀྱིས་ཐུགས་ཁུར། ལས་རིགས་ཁག་དང་ལྷག་པར་དུ་བླ་སྤྲུལ་རྣམ་པས་མཐུན་རྐྱེན་རོགས་སྐྱོར་གང་ལེགས་གནང་བ་ལ་
བཀའ་དྲིན་ཆེ་ཞེས་ཞུའོ། །

                                                                                                                                     ༡༩༩༦ལོའི་ཟླ་༥ཚེས་༣ཉིན།
                                                                                                                                        མཁས་བཙུན་གྱིས་བྲིས།