|
བསྐལ་བཟང་རྣམ་འདྲེན་སྟོང་དང་རྩ་གཉིས་ཀྱི།
།དབུས་ནས་གདུལ་དཀའ་འདུལ་ལ་ཆེས་བསྔགས་པ། །བཅུ་གཉིས་དྲུག་ཅུའི་མཛད་པ་
མཐར་ཕྱིན་པའི། །གཤེན་རབ་སྟོན་པ་མཆོག་དེས་དགེ་ལེགས་སྩོལ།
།གྲངས་མེད་བསྐལ་བར་ཚོགས་གཉིས་བསགས་པའི་མཐུས། །ཟག་མེད་ཡེ་ཤེས་
མཆོག་གི་སྐུར་གྲུབ་ཀྱང་། །དཔག་མེད་འགྲོ་བ་ཐབས་ཀྱིས་བཀྲིད་མཛད་པ།
།མཚུངས་མེད་སྟོན་པ་ཡེ་ཤེས་རྒྱལ་མཚན་བསྔགས། །གང་དེའི་གདུལ་
བྱའི་ཞིང་ཁམས་མདོ་སྨད་ཀྱི། །བྱང་རྒྱུད་རྨ་ཀླུང་ཁྲི་ཀའི་སྟོང་ཆེ་འདིར།
།རྒྱལ་གཤེན་བསྟན་པ་དར་བའི་ལོ་རྒྱུས་ཏེ། །གསང་སྔགས་གྲུབ་སྡེ་བྱུང་
ཚུལ་ཅུང་ཟད་སྤྲོ། །དེ་ཡང་ཀླུ་བོན་ཡེ་ཤེས་སྙིང་པོ་ཡི།
།སྤྲུལ་བའི་ཟློས་གར་སོག་བཙུན་སྟོན་པ་ཆེ།
།ཡེ་ཤེས་རྒྱལ་མཚན་མཆོག་གི་འཁྲུངས་ཡུལ་
ནི། །ཆེན་པོ་ཧོར་གྱི་ཡུལ་ཁམས་སོག་སྡེ་ནས།
།རབ་བྱུང་ལྔ་པའི་ནང་ལ་སྐུ་བལྟམས་ཤིང་།
།གཡས་རུ་དབེན་པ་ལ་སོགས་གྲྭ་ས་འགྲིམས། །བྲུ་སྟོན་
མཐའ་བྲལ་བསོད་ནམས་རྒྱལ་མཚན་སོགས།
།སྐྱེས་མཆོག་དུ་མའི་ཞབས་པད་གཙུག་ཏུ་བཀུར།
།མཁས་དང་གྲུབ་པའི་ཡོན་ཏན་རྩེ་རུ་
ཆིབས། །གདུལ་བྱ་སྨད་ན་ཡོད་པའི་ལུང་བསྟན་བཞིན།
།མདོ་སྨད་ཁྲི་ཀའི་ཡུལ་ལ་ཞབས་ཀྱིས་བཅགས།
།དེ་རྗེས་ཁོང་གི་སྐུ་མཆེད་གདན་དྲངས་
པ། །སྟོང་ཆེ་དཔོན་པོའི་མིང་འཛིན་ཐོག་མ་སྟེ།
།མཚན་ལ་ཧོར་རྗེ་པད་མ་རྒྱལ་ཟེར་ཞིང་།
།བླ་དཔོན་འདི་གཉིས་རིང་ལ་ཡུལ་འདི་རུ། །གསང་བ་
སྔགས་ཀྱི་བསྟན་པའི་རྐང་བཙུགས་ནས།
།གཟེ་མའི་ལྷ་ཁང་བྱ་འདབས་སུམ་བརྩེགས་ཅན།
།གསར་བཞེངས་བྱས་པའི་རྟེན་ལ་གྲལ་མགོ་ན། །དུས་
གསུམ་སངས་རྒྱས་མཚན་ལྡན་ཁྱེའུ་བཞི་དང་།
།རྩིག་འགྲམ་གཡས་གཡོན་དགྲ་བཅོམ་སེམས་དཔའ་བརྒྱད།
།སྟག་ལ་སྤུ་གྲི་དམར་ནག་གཉིས་ཀ་
དང་། །སྒོ་ཆེན་ནང་ལོགས་གཡས་ན་སྲིད་རྒྱལ་དང་།
།གཡོན་ན་བྲག་བཙན་གཡུང་དྲུང་དགྲ་འདུལ་བཅས། །བྱོན་ལེགས་འབག་སྐུ་ཆེ་བ་ཉེར་
གཅིག་བཞུགས། །ནང་དུ་ལྡེབས་རིས་སྐོར་ལ་ཞི་ལྷ་དང་།
།ཁྲོ་བོའི་ལྷ་གྲངས་རིག་འཛིན་མཁའ་འགྲོའི་སྐོར།
།ཕྱི་ནང་ཆོ་གའི་དཀྱིལ་འཁོར་ལ་
སོགས་པའི། །སྐུ་གསུང་ཐུགས་རྟེན་བྱིན་ཅན་ཤིན་ཏུ་མང་།
།བར་ཁྱམས་གཡས་གཡོན་རྒྱས་བཅས་གླིང་གསུམ་ན། །དཔལ་མོ་ཉི་ཤུ་རྩ་བདུན་
ལྡེབས་རིས་དང་། །མདུན་གྱི་སྒོ་སྟེང་གནས་བརྟན་བཅུ་དྲུག་དང་།
།འདབས་ན་རྒྱལ་ཆེན་བཞི་ཡི་ལྡེབས་རིས་བཅས། །ཕྱི་ནང་བཀོད་པ་ཕུན་སུམ་
ཚོགས་པ་སྟེ། །སྒྲུབ་པའི་སྲོལ་ལ་ཆོ་འཕྲུལ་ཟླ་བའི་ནང་།
།ཁྲོ་བོ་བརྒྱ་འདོན་གཟེ་མ་སྟོང་འདོན་དང་།
།བཞི་པའི་གཏེར་སྒྲུབ་བརྒྱད་པའི་ཚོགས་
འཁོར་དང་། །བཅུ་པའི་གཟེ་མ་ལ་སོགས་ལོ་རེ་བཞིན།
།དུས་ཚིགས་བཞི་ལ་སྒྲུབ་པ་ཆེན་པོ་བཞི།
།སྔགས་འཆང་བརྒྱ་ཕྲག་འཚོགས་ནས་སྒྲུབ་པའི་
སྲོལ། །སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་།
།སྐུ་མཆེད་ཧོར་རྗེ་པདྨ་རྒྱལ་གཉིས་ཀྱིས།
།བཙུགས་ནས་སོག་སྟོན་གྲགས་པ་རྒྱལ་མཚན་
དང་། །ཡོན་ཏན་རྒྱལ་མཚན་ཕུན་ཚོགས་དབང་རྒྱལ་དང་།
།གྲུབ་ཆེན་བསྟན་པ་བློ་གྲོས་དཔལ་ལྡན་དང་།
།དེ་རྗེས་སོག་བཙུན་གཡུང་དྲུང་རྣམ་
རྒྱལ་དང་། །བསྟན་པ་བློ་གྲོས་བགྲོད་པ་མཐར་ཕྱིན་སོགས།
།རྒྱ་ནག་འཕོ་བ་གྲོང་འཇུག་བླ་རབས་དང་། །དཔོན་པོ་དབང་དངོས་གཡུང་དྲུང་
བསྟན་པ་དང་། །དཔོན་པོ་དབང་རྒྱལ་ནམ་མཁའ་རྒྱལ་དང་ནི།
།ཀུན་བཟང་སྐྱབས་སོགས་དཔོན་རིང་བཅོ་བརྒྱད་རིང་། །མི་ལོ་དྲུག་བརྒྱ་ལྷག་ལ་
དར་རྒྱས་ཆེ། །དེ་རྗེས་རབ་བྱུང་བཅུ་དྲུག་ས་ཁྱི་ལོར།
།ནང་གི་སྐུ་གསུང་ཐུགས་རྟེན་མ་ལུས་པ།
།དམངས་གཙོ་བཅོས་སྒྱུར་བྱེད་པའི་སྐབས་སུ་
འཇིག །མེ་ཕོ་རྟ་ལོར་རིག་གནས་གསར་བརྗེའི་སྐབས།
།གཙུག་ལག་ཁང་འདི་རྨང་ནས་འཇིག་པར་གྱུར།
།མི་འདོད་རྐྱེན་ངན་སྤྲིན་ནག་གཏོར་
རྗེས་སུ། །བསོད་ནམས་རྟ་བདུན་འཁོར་ལོས་ཉེར་དྲངས་པའི།
།སངས་རྒྱས་བསྟན་པའི་ཉི་མ་འོད་པོ་ཆེ། །གདུལ་བྱའི་དད་མོས་མཁའ་ལ་ཤར་
བའི་ཚེ། །དཔོན་པོ་དབང་ཆེན་འབུམ་གྱི་དུས་སྐབས་སུ།
།བསྟན་པར་སྲི་ཞུ་བགྱི་བའི་ལྷག་བསམ་གྱིས།
།རབ་རྒྱན་མེ་ཕོ་སྟག་ལ་མགོ་བཟུང་
ནས། །བགྲང་བྱ་དྲུག་པ་ཆུ་ཕོ་སྤྲེལ་གྱི་ལོར།
།གཟེ་མའི་ལྷ་ཁང་བསྐྱར་བཞེངས་ལེགས་པར་གྲུབ།
།ནང་གི་རྟེན་བཞེངས་གོང་ལྟར་སྒྲུབ་ཆེན་
རྣམས། །སྔ་མའི་ཕྱག་སྲོལ་ཇི་བཞིན་བསྐྱངས་པའོ།
།དེ་ལྟར་སོག་བཙུན་སྟོན་པ་སྐུ་མཆེད་ཀྱིས།
།ཡུལ་འདིར་གསང་སྔགས་སྒྲུབ་པའི་སྡེ་བཙུགས་
ནས། །རབ་གནས་ཆུ་སྤྲེལ་ཡན་ལ་འདས་པའི་ལོ།
།བརྒྱ་ཕྲག་བདུན་ཙམ་ཟིན་པ་ལུང་གིས་གྲུབ།
།ཨེ་མ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི། །བསྟན་
པའི་གནས་གཞི་ལྷ་ཁང་བཞེངས་པ་ལ། །སྒོ་གསུམ་དག་པས་རྩོལ་བ་གང་བྱེད་རྣམས།
།བླ་མེད་འབྲས་བུ་འཐོབ་ཅེས་ལུང་ལས་གསུངས། །ཤིན་ཏུ་
རྙེད་དཀའ་དལ་འབྱོར་ལུས་ཐོབ་ནས།
།དར་ཅིག་བཟོད་དཀའ་སྡུག་བསྔལ་རྒྱུ་སྤང་བར།
།སྒྲ་ཙམ་ཐོས་དཀའ་གཡུང་དྲུང་བོན་སྤྱོད་ཀྱི། །ཕན་ཡོན་
བརྗོད་དཀའ་ཚུལ་དེར་རྗེས་ཡི་རང་། །དེ་ཕྱིར་དམ་པ་གོང་མའི་བཀའ་དྲིན་དང་།
།བསྟན་པ་དར་བའི་ལོ་རྒྱུས་ཅུང་ཟད་ཅིག །གླེང་འདི་དཔོན་
པོ་དབང་ཆེན་འབུམ་སོགས་ཀྱིས།
།བསྐུལ་ངོར་བསོད་ནམས་གཡུང་དྲུང་མིང་གིས་སྦྱར།
།འདི་བརྩམས་ལེགས་བྱས་སྣང་བའི་མུ་ཁྱུད་ཀྱིས། །ལོག་
རྟོག་མུན་པ་བསྐལ་པའི་མཐར་བསྲིངས་ནས། །མདོ་སྔགས་པད་ཚལ་བཞད་པར་རྩེན་པ་ཡི།
།བསྐལ་བཟང་རྣམ་མཁྱེན་མཁའ་ལ་ལྡིང་བར་ཤོག ། |