|
འཕྲང་དམར་ཡུལ་ཚོའི་ལྷ་སྡེ་གྲོང་ཚོ་བ་བརྒྱད་ཀྱི་ཁོངས་སུ་གཏོགས་པའི་འབྲོག་ཁུལ་གྱི་དགོན་པ་ཞིག་ཡིན།
སྡེ་འདི་ཉིད་འཇམ་དཔལ་
དབྱངས་དངོས་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་གསུང་ཐུགས་འཕྲིན་ལས་འོད་དཀར་ལས་གྲུབ་པའི་སྒྲུབ་སྡེ་ཞིག་ཡིན་ལ།
གནས་
ཀྱི་ཁྱད་པར་ཡང་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པའི་གནས།
འདུ་འཛིས་དབེན་ཞིང་བག་ཕེབས་པ་ཀློག་སྤོང་ཐོས་
བསམ་པ་ལ་འོས་པའི་དྲང་སྲོང་གི་གནས་ཀྱི་ཡོན་ཏན་རང་ཆས་སུ་མངའ་བའི་ཡུལ།
ཀབ་རོན་གཡུ་བཟང་དང་ཉེ་བར་བྲག་སྐྱ་རྡོ་རྗེ་རྫོང་ཞེས་
གྲགས་ཤིང་། དགོན་གནས་དངོས་ནི་བགྲོད་ལམ་སྟབས་མི་བདེ་ལ།
ཕན་ཚུན་བར་ཟམ་པ་དང་བྲག་ཐེམ་ཤ་སྟག་བརྒྱུད་དགོས། དེ་ལྟའི་རི་བྲག་
གཟར་བོ་དེའི་མགུལ་ན་སྒྲུབ་སྡེ་འདི་ཉིད་ཀྱི་གཙུག་ལག་ཁང་དང་གྲྭ་བའི་སྒོམ་ཁང་སོགས་ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་མཐའ་དག་བྲག་གི་
ཆགས་དབྱིབས་ལྟར་གཅིག་ཐོག་གཅིག་བརྩེགས་ཀྱི་ཚུལ་དུ་རིམ་པར་ཆགས་ཡོད།
ཐོག་མར་སྡེ་འདི་རོང་བོ་དགོན་བདེ་ཆེན་ཆོས་འཁོར་གླིང་གི་
དགོན་ལག་ཡིན་ལ།
རོང་བོ་ཤར་ཚང་དང་ལཱ་མོ་ཞབས་དྲུང་དཀར་པོ་གཉིས་ཀས་འཛིན་བདག་མཛད་བཞིན་ཡོད།
།
ཐོག་མར་སྡེ་འདི་ཇི་ལྟར་བཏབ་པའི་ཚུལ།
དེ་ཡང་སྒྲུབ་སྡེ་འདི་འདེབས་པ་པོ་ནི་ལུང་རྟོགས་ཡོན་ཏན་གྱིས་མངའ་བདག་གྲུབ་ཆེན་ཆོས་པ་
རིན་པོ་ཆེའི་བློ་བཟང་བསྟན་པའི་རྒྱལ་མཚན་ཡིན།
རབ་དྲག་མེ་ཕོ་ཁྱི་ཕྱི་ལོ་༡༦༤༦ལོའི་ཧོར་ཟླ་ལྔ་པའི་ཚེས་དགུའི་ཉིན་ཁྲི་ཀའི་གསེར་ལྗོངས་
ཡུལ་དུ་ཐོག་མར་ཆིབས་ཞལ་བསྒྱུར་ཏེ།
ཕེབས་ལམ་དུ་བོད་འབྲོག་གི་ཡུལ་སྡེ་སོ་སོར་བསྙེན་གནས་དང་དགེ་སྐུལ་སོགས་གང་འཚམས་ཐབས་
ཀྱིས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད།
རྗེ་འདི་ཐོག་མར་ད་ལྟའི་ཤར་ལུང་ཡུལ་ཚོའི་ཁྲེ་ཙེ་གོང་མར་ཕེབས།
ཁོང་གིས་སྒྲུབ་གནས་
འཚོལ་སྐབས་ཀླུ་སྐྱབས་ཀྱིས་ལམ་སྣ་ཁྲིད་ནས་བྱོན།
ཁོ་རང་གི་རི་དྭགས་གཤོར་དུས་ཀྱི་སྡོད་གནས་བྲག་ཁུང་དེ་ཁྲག་སོགས་རྫབ་ཀྱིས་སྦགས་པས་
སྟོན་མ་ནུས་པར་དེ་དང་ཉེ་བའི་བྲག་སྐྱིབས་ཤིག་བསྟན།
སྐབས་དེར་ཁོང་གི་ཕྱག་དཔེ་ཁལ་དྲེལ་བོར་བ་བཙལ་བས་ཀླུ་སྐྱབས་སྡོད་གནས་བྲག་
ཕུག་ཏུ་ཉལ་འདུག་པར་གཟིགས་པས་དེར་སྒྲུབ་གནས་བཞེངས་པའི་ལོ་རྒྱུས་མདོ་སྨད་ཆོས་འབྱུང་དུ་གསལ།
ཧོར་ཟླ་ལྔ་པའི་ཚེས་ཉེར་གཉིས་
ནས་བཟུང་དབེན་པའི་གནས་མཆོག་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་དུ་མཚམས་ཀྱི་བཅད་རྒྱ་རེ་ཞིག་མཛད།
དེར་རི་ཁྲོད་བཟུང་ནས་བཞུགས་
སའི་མཐིལ་མཛད་དེ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ།
ཕྱོགས་འདུས་སྐྱེ་བོ་མི་བསྲུན་པ་ལོག་ལྟ་ཅན་རྣམས་ཀྱི་བློ་སྣ་དམ་པའི་ཆོས་ལ་བསྒྱུར།
ཕྱིས་
སྒྲུབ་ཁང་རྒྱ་བསྐྱེད་མཛད་དེ་ལྷ་ཁང་བཞེངས་པ་སྟེང་དུ་གྱོ་ཐོག་དང་གན་ཇི་རས་མཛེས་པར་བརྒྱན་པ།
ནང་རྟེན་གྱི་རིམ་པ་ཡང་ལམ་རིམ་
ཚོགས་ཞིང་སོགས་གྱན་ཐང་དྲུག་དང་སངས་རྒྱས་སྟོང་སྐུའི་ལྡེབས་བྲིས།
ཕྱིས་ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོས་བཞེངས་
པའི་བདེ་མཆོག་གི་བློས་བསླངས་སོགས་རྟེན་བྲིས་འབུར་ཅི་རིགས་བཞུགས།
སྔར་སྤན་ཀྱ་ཀླུ་སྐྱབས་སྡོད་སའི་བྲག་ཁུང་ལ་མགོན་ཁང་བཞེངས་ཏེ།
ནང་རྟེན་སྲུང་མའི་གཙོ་བོ་མགོན་པོ་གུར་ཡིན་ལ།
གུར་མགོན་གྱི་ཞལ་ཐང་དང་འབག་སྐུ་མི་ཚད་མ་བྱིན་ཅན་ཆོས་པ་རིན་པོ་ཆེས་གཉེར་གཏད་
འཕྲིན་བཅོལ་རླབས་ཆེན་མཛད་པས་ངག་སྒྲོས་སུ་བཀའ་གཉན་པར་གྲགས།
ཆོས་པ་རིན་པོ་ཆེ་རང་གིས་གསུང་བཀོད་གནང་སྟེ། ཉིད་ཀྱི་སྐུ་ལ་
སློབ་མ་བཅོ་བརྒྱད་ཀྱིས་བསྐོར་བ་རང་རང་གི་མཚན་བྱང་ཅན།
གཤམ་དུ་གྲོང་ཆོག་ལ་གཏན་ནས་སོང་མི་ཆོག་ཅེས་ཕྱག་བྲིས་གནང་། གཞན་
ཡང་ཁོང་གིས་གྲྭ་གྲངས་མང་ན་ཐུགས་མཐུན་ཁྲིམས་གཙང་ཡོང་དཀའ།
མི་གྲངས་མི་མང་བ་དང་། གྲོང་ཆོག་དང་། གྲོང་ཁྱིམ་ལ་གཏན་ནས་
སོང་མི་ཆོག་པའི་འགྲིག་ཁྲིམས་དམ་པོ་གནང་སྟེ།
རི་སུལ་གྱི་མཚམས་པ་ལྟར་སྒོམ་སྒྲུབ་དང་བསག་སྦྱང་ལ་འབད་པ་ཤ་སྟག་བྱུང་།
ཕྱིས་ཡབ་རྗེ་
སྐལ་ལྡན་རྒྱ་མཚོའི་དངོས་སློབ་ཤ་སྦྲང་བློ་བཟང་རྒྱ་མཚོས་སྒྲུབ་སྡེ་བཙུགས་པ་ནས་བཟུང་གཞི་གསུམ་གྱི་ཕྱག་ལེན་མ་ཆག་པ་དང་རས་བྲིས་ལ་
བརྟེན་པའི་དུས་འཁོར་གྱི་སྒྲུབ་མཆོད་སྦྱིན་བསྲེག་དང་བཅས་བཙུགས་པས་རིམ་བཞིན་དར་རྒྱས་སུ་སོང་སྟེ།
བསླབ་གསུམ་ལྡན་པའི་དགེ་སློང་
བཅུ་ཕྲག་དུ་མ་འདུས་ཤིང་ཐམས་ཅད་བླ་མ་ཆོས་པ་ཡབ་སྲས་རྣམ་ཐར་ལ་སྤྱན་ལྟོས་བཟང་བོའི་སྒོ་ནས་འདོད་ཆུང་ཆོག་ཤེས་དང་ཐུགས་མཐུན་
ཁྲིམས་གཙང་གི་ངོས་གཞི་གསུམ་གྱི་ཕྱག་ལེན་ཉམས་པ་མེད་པར་སྐྱོང་བ་ཤ་སྟག་བཞུགས།
རབ་དྲག་མེ་ཕོ་ཁྱི་ཕྱི་ལོ་༡༦༤༦ལོར་ཆོས་པ་རིན་པོ་
ཆེས་སྒྲུབ་གནས་བཟུང་བ་ནས་རབ་རྒྱན་ཆུ་སྤྲེལ་ཕྱི་ལོ་༡༩༩༢ལོའི་བར་རགས་རྩིས་ལྟར་ན་ལོ་ངོ་སུམ་བརྒྱ་ཞེ་བརྒྱད་ཙམ་ངེས་ཅན་སོང་བའི་ལོ་
རྒྱུས་ཁུངས་ལྡན་ནོ། །
བསྟན་འཛིན་གྱི་སྐྱེས་ཆེན་རིམ་པར་བྱོན་ནས་བསྟན་པ་ལ་བྱ་བ་མཛད་ཚུལ།
དེ་ཡང་ཐོག་མར་སྒྲུབ་པའི་གནས་འདིར་གྲུབ་ཆེན་ཆོས་པ་
རིན་པོ་ཆེ་ཡབ་སྲས་ཀྱི་བཞུགས་སའི་མཐིལ་མཛད་ནས་སྒྲུབ་པ་ལ་གཅིག་ཏུ་གཞོལ་བ་ནས་བཟུང་།
མགོན་པོ་གང་གི་སྐུའི་སྒྱུ་འཕྲུལ་རྗེ་འཇམ་
དབྱངས་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་ལ་ཐུག་གི་བར་སྐྱེས་ཆེན་དུ་མས་བསྟན་འགྲོར་སྨན་པའི་བྱ་བ་རླབས་ཆེན་མཛད་པའི་ཚུལ་ཅུང་
ཙམ་བརྗོད་པ་ལ།
དང་པོ་བླ་མ་ཆོས་པ་རིན་པོ་ཆེའི་བློ་བཟང་བསྟན་པའི་རྒྱལ་མཚན་ནི།
རབ་སོར་ལྕགས་སྦྲུལ་ཕྱི་ལོ་༡༥༨༡ལོར་རེབ་གོང་གསེར་
ལྗོངས་རྒྱལ་ཐང་དུ་སྤྲུལ་བའི་ཟློས་གར་བསྒྱུར།
དགུང་ལོ་བཅུ་བཞིའི་སྟེང་ཆོས་རྗེ་རིན་ཆེན་བསམ་འགྲུབ་ལས་རབ་ཏུ་བྱུང་།
རྗེ་མི་ལའི་མགུར་
འབུམ་གཟིགས་པས་ཐུགས་དད་འཁྲུངས་པའི་རྐྱེན་གྱིས་རྗེ་བཙུན་གྱི་ཞལ་གཟིགས།
ཉེར་གསུམ་པ་ཆུ་ཡོས་ཕྱི་ལོ་༡༦༠༣ལོར་གངས་རིའི་མགོན་
པོ་རྒྱལ་དབང་ཡོན་ཏན་རྒྱ་མཚོའི་ཞབས་ཞུ་མཛད་དེ་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས།
རྭ་སྟོད་ཆོས་གྲྭ་དང་རྒྱུད་གྲྭར་ཞུགས་ཏེ་གཞུང་ལ་
གསན་སྦྱོང་མཐིལ་ཕྱིན་མཛད།
སྣང་བ་མཐའ་ཡས་པཎ་ཆེན་བློ་བཟང་ཆོས་རྒྱན་གཙོས་མཁས་གྲུབ་དུ་མ་རིགས་ཀྱི་ཅོད་པན་དུ་བསྟེན་ཏེ་ཟབ་
ཆོས་མང་དུ་ཞུས། སླར་མདོ་སྨད་དུ་ཕེབས།
དགུང་ལོ་སོ་ལྔ་པ་ཤིང་ཡོས་ཕྱི་ལོ་༡༦༡༥ལོ་ནས་བཟུང་སྒོམ་སྒྲུབ་ཀྱི་མགོ་བཙུགས་ཏེ་སྔ་ཕྱིར་རོང་བོ་
བཀྲ་ཤིས་འཁྱིལ་དང་སྐུ་འབུམ། བྱ་ཁྱུང་། དགོན་ལུང་སོགས་ཆོས་ཀྱི་སྡེ་དང་།
རྒྱལ་སྲས་སྒྲུབ་ཕུག ཏན་ཏིག ཞོམ་ཕུག གཉའ་གོང་བྲག་དཀར་
སོགས་དབེན་གནས་མང་ཆེ་བ་རྣམས་སུ་སྒྲུབ་པ་སྙིང་བོར་མཛད་ནས།
མེ་ཏོག་བཅུད་ལེན་དང་། ཆུ་བཅུད་ལེན། རྡེའུ་བཅུད་ལེན་སོགས་དཀའ་
ཐུབ་ཀྱི་འཚོ་བ་མཛད་ནས་བཀའ་གདམས་གཙང་མའི་རྣམ་ཐར་ཇི་ལྟ་བ་བཞིན་བསྐྱངས།
རབ་དྲག་ཤིང་སྤྲེལ་ནས་བཟུང་སྔ་ཕྱིར་ལྗོངས་འདིར་
ཕེབས་ནས་མི་ཉག་མཆོད་རྟེན་དཀར་པོ་དང་།
ལྷ་དཀར་བའི་བྱམས་ཆེན་སོགས་ལ་མཆོད་འབུལ་སྲི་ཞུ་དང་།
གཙུག་ལག་ཁང་དང་རྟེན་རྩ་
འགངས་ཆེ་བ་རྣམས་ལ་ནམ་རྒྱུན་མཇལ་དུ་འཇུག་པའི་ལམ་སྲོལ་བཟང་བོ་བཏོད་དེ་སྐྱེ་བོ་རྣམས་ལ་སྡིག་སྤོང་དགེ་སྒྲུབ་བྱེད་དགོས་ཀྱི་སྐུལ་མ་
རྒྱ་ཆེར་མཛད།
རབ་དྲག་མེ་ཁྱི་ཕྱི་ལོ་༡༦༤༦ལོ་དགུང་ལོ་རེ་དྲུག་ནས་བཟུང་གདན་ས་འདིར་བཞུགས་སའི་མཐིལ་མཛད་ནས་སྐུ་འདའ་ཁའི་
བར་སྒྲུབ་པ་སྙིང་བོར་མཛད་དེ་སྐུ་གསུང་ཐུགས་རྟེན་བཞེངས།
དགོན་སྒྲུབ་སྡེ་རྣམས་ཀྱི་ཆོས་ཁྲིམས་བསྡོམས་པ།
ཡུལ་འབྲོག་སྡེ་བ་སོ་སོའི་ཇག་
རྐུ་དམག་འཁྲུག་སོགས་ཀྱི་རྒྱུན་དང་གཞན་ཡང་བུ་ལོན་གཉིས་འཕེལ་དང་སྟོན་མོའི་སྡིག་རྒྱུན་སོགས་མི་འོས་པའི་སྲོལ་ངན་རྣམས་བཅད་དེ་སྐྱེ་
བོ་ངན་སྤྱོད་ཅན་དག་གི་བློ་སྣ་ཆོས་ལ་བསྒྱུར་བར་མཛད་པའི་མཛད་བཟང་ལྷུན་གྱིས་གྲུབ།
སྐབས་ཤིག་ཁོང་གི་སྒྲུབ་ཁང་གི་བྲག་གས་པ་ཉེ་
གནས་ཞིག་གི་ཉེན་ཁ་ཆེ་ཚུལ་ཞུས་པར།
ཁོང་གིས་སྐྱོན་མེད་གསུང་ནས་ཕྱག་འཛུབ་གཉིས་བྲག་ལ་བཙུགས་པ་འདམ་ལ་བརྫིས་པ་བཞིན་ཟུག་
པའི་རྗེས་ལ་སློབ་དཔོན་གསེར་ཁང་བས་གསེར་ཆབ་ཕུལ་བ་ད་ལྟའང་མངོན་སུམ་མཇལ་རྒྱུ་འདུག
འདི་ལྟར་བུ་སློབ་རྣམས་བླ་མའི་གསང་
གསུམ་གྱི་མཛད་པ་རྨད་དུ་བྱུང་བ་དག་ལ་ཀུན་གྱི་ངོ་མཚར་ཞིང་བཟློག་མེད་ཀྱི་དད་པ་འཁྲུངས་པ་སོགས་དགེ་བའི་དཔལ་ལ་བཀོད་མཐར་
དགུང་ལོ་དོན་དགུ་པ་རབ་ཉིའི་ས་ཕག་ཕྱི་ལོ་༡༦༥༩ལོའི་ཧོར་ཟླ་དང་པོའི་ཚེས་ཉེར་ལྔ་ལ་དགོང་རོང་བྲག་སྐྱ་རྡོ་རྗེ་རྫོང་འདིར་ངོ་མཚར་བའི་
ལྟས་དང་བཅས་སྐུ་ཞི་བར་གཤེགས།
དེའི་ཚེ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་གཙོས་གྲྭ་བུ་སློབ་རྣམས་ཀྱིས་དགོངས་རྫོགས་རྒྱ་ཆེར་མཛད་དེ་གདུང་
ཉིན་བཅོ་ལྔའི་རིང་བཞུགས།
དེ་ནས་རེབ་གོང་ཕྱོགས་ཀྱི་གྲྭ་བུ་སློབ་དང་རོང་བོའི་མི་སྣ་རྣམས་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་གདན་འདྲེན་
པར་ཕྱིན་ཏེ་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཀོ་ར་ཀབ་རོན་གྱི་བར་མཚམས་དབྱིབས་བཟང་ཐང་དུ་སྐུ་གདུང་ཕྱག་ཕེབས་ཏེ་རེབ་གོང་
ཕྱོགས་སུ་སྤྱན་དྲངས།
ཁོང་གི་སྐུ་དམར་གདུང་དབུ་སྐྲ་སྐྱེས་པ་དེ་རོང་བོ་དགོན་དུས་འཁོར་གྲྭ་ཚང་གི་རྟེན་གཙོར་བྱིན་རླབས་ཀྱི་དྲོལ་མ་ཡལ་
བར་འགྲོ་བའི་བསོད་ནམས་ཀྱི་ཞིང་དམ་པར་རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོའི་བར་ལེགས་པར་བཞུགས་སོ།
།
ཕྱིས་ཤ་སྦྲང་བློ་བཟང་རྒྱ་མཚོས་སྒྲུབ་སྡེ་འདི་ལེགས་པར་བསྐྱངས་ནས་རྒྱུན་རིང་བཞུགས་པ་དང་།
ཆོས་པ་རིན་པོ་ཆེ་སྐུའི་སྒྱུ་འཕྲུལ་ཕྱི་མ་
རིམ་བྱོན་དང་།
ཡང་སྒོས་མཁས་གྲུབ་ཆེན་པོ་རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོའི་གཙོས་སྒྲུབ་རྒྱུད་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་སྡེ་
འདིར་ཟམ་མ་ཆད་པར་བྱོན་པའི་ཚུལ་ལ།
སྔར་སྒྲུབ་པའི་ཤིང་རྟ་བ་ཆེན་པོ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་ཞབས་ཀྱིས་བཅགས་ཤིང་སྒོམ་སྒྲུབ་
མཛད་པའི་ཕུག་པ་ད་ལྟའང་མཇལ་རྒྱུ་འདུག
དེ་མཚུངས་སུ་ལཱ་མོ་བློ་གྲོས་རྒྱ་མཚོ། སྟོང་སྐོར་མདོ་རྒྱུད་རྒྱ་མཚོ།
གོང་བ་གྲྭ་ཚང་འདེབས་པ་པོ་
གོང་དགེ་བཀའ་བཅུ་པ་སོགས་བསྟན་འཛིན་རིམ་བྱོན་མང་པོས་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བས་གདུལ་བྱ་
རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང་།
སྒྲུབ་གནས་རྣམས་སུ་བསྙེན་སྒྲུབ་དང་བསག་སྦྱང་མཛད་མཁན་ཡང་མང་དུ་བྱོན།
དེའི་རྗེས་ཤར་སྐུ་
ཕྲེང་བཞི་པ་བློ་བཟང་ཆོས་གྲགས་རྒྱ་མཚོའི་ཐུགས་ཁུར་ཆེར་བཞེས་ཀྱིས་བྱམས་ཁང་རྟེན་བརྟེན་པ་གསར་བཞེངས་མཛད།
ཕྱིས་ཡབ་རྗེ་གསེར་
ཁང་བས་དཔལ་འཁོར་ལོ་སྡོམ་པའི་བློས་བསླངས་བྱིན་རླབས་ཀྱིས་གཟི་འོད་འབར་བ་ཅན་དེ་དང་།
དཔལ་ལྡན་གུར་གྱི་མགོན་ཁང་རྒྱ་བསྐྱེད་
མཛད་དེ་རྟེན་བརྟེན་པ་གསར་སྐྲུན་གང་ལེགས་མཛད།
རབ་ཡིད་མེ་སྦྲུལ་ཕྱི་ལོ་༡༨༥༧ལོར་འགྲོ་མགོན་ཐར་ཤུལ་རིན་པོ་ཆེ་དགེ་འདུན་ཆོས་
སྐྱོང་རྒྱ་མཚོས་འདུ་ཁང་བཞེངས་ཐེབས་སུ་དངོས་ཆས་གྱ་ནོམ་པ་གནང་བ་དང་ཞལ་བཀོད་གང་རྒྱས་སྩལ་ཏེ་གསར་བཞེངས་མཛད།
རབ་ཚེས་
ལྕགས་སྟག་ཕྱི་ལོ་༡༨༩༠ལོར་༧རྒྱལ་དབང་བཅུ་གསུམ་པའི་རིགས་ཀྱི་ཅོད་པཎ་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ཆིབས་
ཞལ་སྒྱུར་སྐབས།
དབྱིབས་བཟང་ཐང་དུ་རྟ་ཐབ་ཀྱི་བསུ་མ་དང་བཅས་སྡེ་འདིར་ཕྱག་ཕེབས།
གྲུབ་པའི་དབང་ཕྱུག་ཆོས་པ་ཡབ་སྲས་ཀྱི་སྒྲུབ་ཁང་
སོགས་ཕྱི་ནང་གི་རྟེན་རྣམས་ལ་ཞིབ་མཇལ་གནང་སྟེ་བཀྲ་ཤིས་པའི་བྱིན་ཆར་ཕབས།
གྲྭ་མང་ལ་དགའ་ལྷའི་ཁྲིད་དང་། འགྱེད་ཐེབས་སུ་ཕྲུག་
གཉིས་བསྟབས།
འདི་གའི་དད་ལྡན་སློབ་མ་རྣམས་ལ་ཞལ་གདམས་དང་འདོན་ཆོས་སོགས་ཀྱིས་རེ་བ་བསྐངས།
ཕྱིས་ཨ་རིག་ཡོན་ཤུལ་བློ་བཟང་
རྒྱ་མཚོ། ཁོ་ཚེ་དགེ་འདུན་བསྟན་པ་ཕུན་ཚོགས།
བསྟན་པའི་རྩ་ལག་དམ་པ་རྗེ་ཐར་ཤུལ་རིན་པོ་ཆེ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་
སོགས་སྐྱེས་ཆེན་དུ་མ་ཡང་ཡང་བྱོན་ནས་སྡེ་འདིར་བཞུགས་ཤིང་ཐུགས་ཁུར་གཞན་ལས་ཆེ་བ་གནང་བའི་བཀའ་དྲིན་ཆེ་བའི་བསྔགས་བརྗོད་
ད་ལྟའི་བར་གནས་པ་འདི་ལགས་སོ། །
གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ཇི་ལྟར་བཞུགས་པའི་ཚུལ།
སྡེ་འདིའི་འདུ་ཁང་ནི། དཀྱིལ་དུ་ཀ་རིང་གཉིས་ཀྱིས་བཏེགས་པ་ཕྱི་
ནང་ཀུན་གྱི་བཟོ་བཀོད་ཕུན་སུམ་ཚོགས་ཤིང་སྟེང་ཤོད་གཉིས་བསྡོམས་པས་ཁང་མིག་ལྔ་བཅུ་དང་།
ནང་གི་གདོང་གྲལ་གྱི་དབུས་སུ་བླ་མ་རིམ་
བྱོན་གྱི་བཞུགས་ཁྲི་དང་།
གཡས་གྲལ་གྱི་དབུས་སུ་རྒྱུ་སྨན་འདམ་ལས་གྲུབ་པའི་འཇམ་མགོན་བླ་མ་ཡབ་སྲས་ཀྱི་སྐུ་བརྙན་མི་ཚད་ཅན།
གཡོན་
གྲལ་གྱི་དབུས་སུ་ཨ་རིག་ཡོན་ཤུལ་བློ་བཟང་རྒྱ་མཚོའི་སྐུ་གདུང་དངུལ་ཤན་མ་མཐོ་ཚད་སྨིས་གང་གི་ཚད་ཙམ་པ་སྒོ་རྒྱན་དང་ཉི་ཟླ་དར་
དཔྱངས་རྣམས་གསེར་འབའ་ཞིག་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན།
མཆོད་རྟེན་གྱི་མདུན་དུ་བྱུ་རུའི་སྡོང་བོ་མཐོ་གང་གི་ཚད་
ཙམ་ལ་གསེར་གྱི་ལོ་འདབ་བདུན་གྱིས་མཛེས་པར་སྤྲས་པས་ཁྱད་མཚར་ཅན།
ཕྱི་ལོ་༡༩༤༠ཡས་མས་ཙམ་ལ་ཁྲི་ཀའི་ཡུལ་གྱི་དབང་ཤེད་ཅན་མཱ་
ཡང་ཧེ་ཡིས་མཆོད་རྟེན་སྟེང་གི་གསེར་ཐམས་ཅད་བཙན་འཕྲོག་བྱས།
དེ་ལས་གཞན་དངུལ་གྱི་མཆོད་རྟེན་ཆུང་བ་གཅིག སྟེང་ཤོད་ཀུན་ཏུ་
བསྡོམས་པས་གྱན་ཐང་ཉེར་བདུན།
དུས་འཁོར་གྱི་ཐང་ཆེན་གཅིག་དེའི་སྒྲིལ་ཤིང་གི་སྣེ་གཉིས་སུ་དངུལ་གྱི་པད་འདབ་ལ་གསེར་གྱི་ཁ་དཀྲིས་
ཀྱིས་བརྒྱན་པ་ཅན།
གཞན་བཀའ་འགྱུར་གཙོས་རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་རྟེན་བྲིས་འབུར་ཅི་རིགས་བཞུགས།
མགོན་ཁང་ནི་ཆོས་པ་
རིན་པོ་ཆེས་བཞེངས་པ་ཡིན་ལ་ཕྱིས་རབ་བྱུང་བཅུ་བཞིའི་སྒང་ཙམ་ལ་ཡབ་རྗེ་གསེར་ཁང་བས་རྒྱ་བསྐྱེད་མཛད་དེ་སྟེང་དུ་གྱོ་མོའི་རྒྱ་ཕིབས་
དང་གསེར་ཏོག་གིས་བརྒྱན་པ། ནང་རྟེན་གྱི་གཙོ་བོ་མི་ལ་རས་པ། ཇོ་སྐུ།
རྗེ་ཙོང་ཁ་པ། ཆོས་པ་རིན་པོ་ཆེའི་འདྲ་སྐུ། བདེ་མཆོག་མགོན་པོ་ཕྱག་
དྲུག་པ། གུར་མགོན། ལྷ་མོ། ཆོས་རྒྱལ།
རྣམ་སྲས་ཀྱི་གྱན་ཐང་དགུ་སོགས་ཆོས་ཕུན་སུམ་ཚོགས་པའི་རྟེན་མང་དུ་བཞུགས།
གཞན་ཡང་མཆོད་
པའི་ཡོ་བྱད་ཀྱི་སྐོར་ལ། དངུལ་གྱི་མཎྜལ་གཉིས་ཏོག་དང་བཅས།
སྲང་ཉེར་ལྔ་ཅན་གྱི་དངུལ་རྐོང་ཆེ་བ་གཉིས་དང་དེ་ལས་ཆུང་བ་ཆེ་ཆུང་བཅུ་
གསུམ། རྒྱ་གླིང་དངུལ་གྱི་ཚིག་རྒྱན་ཅན་ཆ་གཅིག
དངུལ་གྱི་གཏོར་རྒྱན་སོགས་བསྡོམས་པས་དངུལ་སྲང་ཉིས་བརྒྱ་ཙམ་དང་གསེར་སྲང་བདུན་
ལ་ཉེ་བའི་མཆོད་ཆས་རིགས་དང་། ཟངས་ཀྱི་སྐོར་ལ། ཚེ་འབར་དང་མཚན་ཐུབ།
མཆོད་རྐོང་ཆུང་བ་ལྔ་བརྒྱ། བདུན་ཚར་ཆེ་བ་བརྒྱ་དང་ཆུང་བ་
ལྔ་བརྒྱ། སྦུབས་ཆ་དང་སིལ་སྙན་བཅུ་གཉིས། དུང་དཀར་བཅུ་གཉིས།
ཚོགས་ཟངས་ཆེ་ཆུང་བཞི། འཕན་གདུགས་རྒྱལ་མཚན་སོགས་མཆོད་རྫས་
དང་། གྲུམ་ཙེའི་གྲལ་གདན་སོགས་མང་ངོ་། །
དེ་ཡང་གདན་ས་འདི་ཉིད་ཀྱི་ཕྱག་ལེན་ཕལ་ཆེར་རོང་བོ་དགོན་ཆེན་དང་མཐུན་ལ།
ཤར་སྐུ་ཕྲེང་གསུམ་པ་འཕྲིན་ལས་རབ་རྒྱས་ཀྱིས་འདི་
གའི་བཅའ་ཡིག་ཆེན་མོ་བརྩམས་ནས་དགོན་པའི་འགྲིག་ལམ་ཀུན་སྤྱོད་ལ་སྔར་དང་མི་འདྲ་བའི་དོ་དམ་གང་དྲག་བགྱིས་ཏེ་ཡར་ལྡན་དུ་
བསྐྱངས། འདོན་ཆོས་སྤྱོད་ཀྱི་རིམ་པ་ཡང་།
ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་སྨན་བླ། གཉིས་པར་བསྐང་ཆེན་ཉིན་ལྔ།
གསུམ་པར་དུས་
འཁོར་སྒྲུབ་མཆོད་ཉིན་བདུན། བཞི་བར་བདེ་མཆོག་སྒྲུབ་མཆོད་ཉིན་བདུན།
དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས་
ཕྱི་མཚམས་ཆེན་མོ།
དགུ་བར་མགོན་པོ་གུར་མགོན་གྱི་གཏོར་སྒྲུབ་དང་ཆོས་སྐྱོང་རྣམས་ཀྱི་བསྐང་གསོ་ཉིན་བཅུ།
བཅུ་པའི་ལྔ་མཆོད་ཉིན་ལྔ།
བཅུ་གཅིག་པའི་ཚེས་གཅིག་ནས་བཅུ་གཉིས་པའི་བཅོ་ལྔའི་བར་དགུན་མཚམས།
ཟླ་རེ་ཚེས་བརྒྱད། བཅུ། བཅོ་ལྔ། ཉེར་ལྔ། ཉེར་དགུ་རྣམས་ལ་
དུས་བཟང་ཆག་མེད་དང་ཡར་ངོ་མར་ངོས་དུས་འབྲེལ་གསོ་སྦྱོང་དང་བཅས་ངོས་གཙང་བ་ཡོད།
ལོ་ལྟར་ཆོས་ཐོག་གཏོང་ཐེབས་སུ་སྔར་རོང་
འབྲོག་ས་ཁུལ་སོ་སོས་གཤིན་པོ་རྣམས་ཀྱི་དགེ་རྩར་ཕུལ་བའི་ཞིང་ས་དང་འོ་རྒྱུན་སོགས་མང་དུ་བཞག་ཡོད་ལ།
ས་ཞིང་ནི་རབ་རྒྱལ་ས་ཁྱི་ལོའི་
ཡར་སྔོན། ཤར་ལུང་ཡུལ་ཚོའི་རྒྱོམ་སྡེ་བ་དང་། ཨ་རྐོང་། འགག་བཟའ། ཁྱོ་རྒྱ།
རྒྱབ་ཚ། ཧོ་རིན། ཁྲེ་ཙེ་གོང་མ། ལན་གྱོ་གོང་ཞོལ་རྣམས་སུ་ཞིང་ས་
མང་ཙམ་ཡོད་ལ།
ས་ཞིང་གི་ཐོང་སྐལ་ལོ་རེ་རེར་འབྲུ་རིགས་བསྡོམས་པས་རྒྱ་མ་ཆིག་ཁྲི་ལྷག་དང་།
ཕྱུགས་ནོར་ཆེ་ཆུང་ཉིས་བརྒྱ་ལྷག་དང་རྟ་
དྲེལ་བཅུ་ཕྲག་ཙམ་ཡོད་ལ་དེ་དག་ཆོས་ཐོག་སོ་སོའི་གཏོང་ཐེབས་ཡིན་ལ།
མཆོད་གཞི་ཡང་ལྷ་སྡེ་གྲོང་ཚོ་བ་བརྒྱད་ཀྱི་གཙོས་རང་སྡེ་དང་།
གཞན་སྡེ་ཨ་ཚོགས་ལྷ་སྡེ་དང་། ཀློའུ་མང་མཐའ་མ།
འབྲོག་རིའི་བོན་སྐོར་སོགས་སྦྱིན་བདག་གི་གཙོ་བོ་ཡིན་ལ་ལོ་ལྟར་འབུལ་སྡུད་དུ་ཕྱིན་ནས་
ཆོས་ཐོག་སོ་སོ་གཏོང་དགོས་པའི་སྲོལ་བྱུང་། །
དགོན་སྡེ་ཕན་ཚུན་གྱི་འབྲེལ་བའི་སྐོར།
སྒྲུབ་སྡེ་འདི་རོང་བོ་དགོན་ཆེན་གྱི་དགོན་ལག་དང་།
བླ་མ་ཆོས་པ་རིན་པོ་ཆེའི་གདན་ས་ཡིན་པའི་
རྐྱེན་གྱིས་ལོ་ལྟར་འདི་གའི་ལས་སྣེ་རྣམས་ཟླ་བཞི་བར་ཆོས་པ་རིན་པོ་ཆེ་གདུང་མདུན་དུ་མཇལ་བར་འགྲོ་དགོས་པའི་སྲོལ་བཟང་ད་ལྟའི་བར་
མ་ཉམས་པར་གནས།
ཁྲེ་ཙེ་དགོན་དུ་སྔར་ཆོས་པ་རིན་པོ་ཆེ་གནས་དེར་རྒྱུན་རིང་བཞུགས་ཤིང་ཁོང་གི་ཕྱག་དཔར་འབུམ་ཁང་བཞེངས་པ་
སོགས་མཇལ་རྒྱུ་འདུག
ཕྱིས་གནས་དེར་ཆོས་པ་རིན་པོ་ཆེའི་ཐུགས་སྲས་རྒྱ་དགེ་བསོད་ནམས་རྒྱལ་མཚན་གྱིས་གཞི་བཟུང་བས་གྲྭ་ཚང་བསྟན་
རྒྱས་བསམ་འཕེལ་གླིང་བཏབ་པ་ནས་བཟུང་ད་ལྟའི་བར་འབྲེལ་བ་རྒྱུན་ལྡན་དང་།
དེ་མཚུངས་སུ་རྐེ་སྒྲུབ་སྟེ། རོང་གཞིས་དགོན། རྒྱབ་ཚ་གྲྭ་ཚང་
སོགས་སུ་སྔར་གྱི་སྲོལ་རྒྱུན་བཟང་བོ་དང་ཕན་ཚུན་བར་འབྲེལ་བ་ཟབ།
རབ་ཚེས་ས་སྟག་ཕྱི་ལོ་༡༨༧༨ལོར་ལྷ་སྡེ་གྲོང་ཚོའི་མི་ངན་འགས་རྐུས་
འཕྲོག་གི་མགོ་དྲངས་ཏེ་བྱེད་ལས་ངན་པར་བརྟེན།
གོང་མའི་བཀས་རི་དགོན་གཉིས་དམག་གིས་རྒྱག་གྲབས་བྱེད་སྐབས།
ཐིས་པ་སྐུ་ཕྲེང་བཞི་པ་
བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་སྡེ་འདིར་ཉེན་ཁ་འགོག་པའི་ཆེད་སྔར་གོང་མས་གནང་བའི་ཡིག་བྱང་ཞིག་བྱིན་པ་འཕྲལ་དུ་སྡེ་འདིའི་
འདུ་ཁང་སྒོ་ཀླད་དུ་བཀལ་བས་དགོན་པར་སྐྱོན་མ་བྱུང་བའི་ངག་སྒྲོས་སྣང་ལ།
སྐབས་དེའི་ཡིག་བྱང་རབ་རྒྱལ་ས་ཁྱི་ལོའི་བར་འདུ་ཁང་སྒོའི་ཡ་
ཐེམ་དུ་བཀལ་ཡོད་པ་དེ་ཡིན་ཟེར་སྲོལ་འདུག
ཕྱིས་ཐིས་པའི་བླ་བྲང་དུ་ཟླ་དྲུག་པ་དང་།
རྒྱ་ལོའི་ལོ་གསར་གཉིས་ཁྱེར་དགོས་པའི་སྲོལ་བྱུང་བ་
དེ་རབ་རྒྱལ་ས་ཁྱི་ལོའི་བར་གནས་སོ། །
ཉམས་པ་སླར་གསོ་བྱས་པའི་ཚུལ།
ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་སྟར་བྱས་པ་ནས་བཟུང་།
དགོན་སྒྲུབ་སྡེ་རྣམས་སུ་ཆོས་སྒོ་འབྱེད་
པའི་དབུ་བརྩམས་ཏེ།
རབ་རྒྱལ་ཤིང་གླང་ཕྱི་ལོ་༡༩༨༥ལོའི་ཕྱི་ཟླ་བརྒྱད་པའི་ནང་སྡེ་འདིར་ཆོས་སྒོ་དངོས་སུ་འབྱེད་པའི་ཆོག་མཆན་གནང་བ་
ནི་བསྟན་པ་ཡང་དར་གྱི་དབུ་བརྙེས་པའི་རྟེན་འབྲེལ་གྱི་ཐོག་མ་ཡིན་ལ།
དེང་རབས་ཀྱི་ལུགས་ལྟར་དགོན་པར་དོ་དམ་ལྷན་ཚོགས་སྒྲིག་
འཛུགས་བྱས།
ཧོར་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་མཁས་གྲུབ་ཆེན་པོ་གཡེར་གཤོང་མཆོག་སྤྲུལ་རིན་པོ་ཆེ་རྗེ་འཇམ་དབྱངས་དགེ་འདུན་
རྒྱ་མཚོ་དཔལ་བཟང་བོས་སྡེ་འདིར་ཞབས་ཀྱི་པདྨོ་ཉེ་བར་བཀོད་པའི་ཚེ།
བསྟན་པའི་རྩ་ལག་དམ་པ་ཨ་རིག་ཡོན་ཤུལ་མཆོག་གི་སྤྲུལ་པའི་སྐུ་
དང་། རོང་གཞིས་མཆོག་སྤྲུལ། རྒྱབ་ཚ་སྤྲུལ་བའི་སྐུ་སོགས་བླ་སྤྲུལ་དང་།
རྐེ་ཐིས་པ་གཙོས་ཕྱོགས་ཀྱི་དགོན་སྒྲུབ་སྡེ་རྣམས་ཀྱི་སྐུ་ཚབ་སོགས་ཉིན་
དེའི་ཆོས་སྒོ་འབྱེད་པའི་མཛད་སྒོར་ཞུགས་ཏེ་ཆོས་དང་ཟང་ཟིང་གི་ཡོ་ལང་རྫོགས་ལྡན་གསར་བའི་དགའ་སྟོན་ལ་འགྲན་པ་སྤྲོས།
གཡེར་གཤོང་
མཆོག་སྤྲུལ་རིན་པོ་ཆེ་ཉིད་ཚེས་བཅོ་ལྔའི་ཉིན་གསོ་སྦྱོང་གི་བླ་མར་ཕེབས་ཏེ་རང་དང་ཕྱོགས་འདུས་ཀྱི་དགེ་འདུན་པ་རྣམས་ཀྱིས་བཀྲ་ཤིས་པའི་
གསོ་སྦྱོང་མཛད་དེ་རྗེ་ཉིད་ནས་སོ་ཐར་གྱི་མདོ་གསུངས།
སྒྲུབ་གནས་སོ་སོར་ཞབས་ཀྱིས་བཅགས་ཤིང་བཀྲ་ཤིས་པའི་བྱིན་ཆར་ཕབས། དད་ལྡན་
གྱི་སློབ་མ་བརྒྱ་ཕྲག་དུ་མར་ཚེ་དབང་དང་ཕྱག་དབང་གནང་སྟེ་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད།
རྗེ་འདི་ཉིད་དབུར་བཞུགས་ཀྱིས་བདེ་
མཆོག་གི་བདག་འཇུག་ཆབས་ཅིག་ཏུ་གསུངས།
གཞིས་བྱེས་དགེ་བ་བརྒྱ་ལྷག་ལ་སྒོར་བདུན་རེ་དང་ཉིན་འཁྱོངས་བཅས་ཕུལ།
འདུ་ཁང་
བཞེངས་ཐེབས་ལ་སྒོར་སུམ་སྟོང་གནང་སྟེ་ཞལ་བཀོད་གང་རྒྱས་དང་།
དེར་བཞུགས་གྲྭ་རྒན་གཞོན་ཀུན་ལ་སངས་རྒྱས་ཀྱི་བསྟན་པ་ནི་དགེ་
འདུན་གྱི་སྡེ་ལ་རག་ལས་ཤིང་།
དེ་ཡང་འདུས་སྡེ་རྣམས་ཀྱིས་ཆོས་འདུལ་བའི་བཅས་ཁྲིམས་གཞིར་བཟུང་ནས་ཐུགས་མཐུན་ཁྲིམས་གཙང་ཡོང་
རྒྱུ་གལ་ཆེ་ཚུལ་སོགས་སེམས་ཅན་ལ་ཕན་པའི་བསླབ་འདོམས་མང་དུ་བསྩལ།
རབ་རྒྱལ་ས་སྟག་ཕྱི་ལོ་༡༩༨༦ལོར་ཐོག་མར་འདུ་ཁང་གི་དོད་
ཙམ་དུ་ལྷ་ཁང་གྱན་གསུམ་བཞེངས་ཤིང་ནང་རྟེན་གྱི་གཙོ་བོ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ལེགས་ཤོས་དང་བཀའ་འགྱུར་དང་བསྟན་འགྱུར་
གཙོས་རྟེན་བྲིས་འབུར་ཅི་རིགས་བཞུགས།
རབ་རྒྱན་ལྕགས་རྟ་ཕྱི་ལོ་༡༩༩༠ལོར་དད་གཏོང་ཆེ་བའི་སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་གང་
དགོས་ཕུལ་ཏེ།
འདུ་ཁང་གྱན་མ་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་གསར་བཞེངས་གྲུབ།
དེའི་ཕྱི་ལོར་འདུ་ཁང་ཕྱི་ནང་བར་གསུམ་ཀུན་ལ་
གསེར་ཚོན་ཕུལ་ཏེ་རྟེན་བཞེངས་སོགས་ཕུན་སུམ་ཚོགས་པོ་བྱུང་།
རབ་རྒྱན་ཆུ་སྤྲེལ་ཕྱི་ལོ་༡༩༩༢ལོའི་ཧོར་ཟླ་དགུ་པའི་ཚེས་བཅུ་བཞིའི་ཉིན།
འཇམ་དཔལ་དབྱངས་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་པའི་ཟློས་གར་སྐུ་ཕྲེང་བདུན་པ་རྗེ་
འཇམ་དབྱངས་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་སྐུ་འཁོར་བླ་གྲྭ་བཅུ་ཕྲག་ཟུང་ལྷག་བཅས་གདན་དྲངས་པ་ལྟར།
ལྷ་སྡེ་གྲོང་ཚོ་བ་
བརྒྱད་ཀྱིས་རྟ་བསུ་དང་།
དགེ་འདུན་མང་པོས་སེར་ཕྲེང་དང་བཅས་གདན་སར་ཕྱག་ཕེབས།
ཉིན་དེར་ཡུལ་ཕྱོགས་ཀུན་ཏུ་ཁ་བའི་མེ་ཏོག་གིས་
ས་གཞི་གཡོགས་པ་སོགས་དཀར་ཕྱོགས་ལ་དགའ་བའི་ཡུལ་སྐྱོང་རྣམས་ཀྱིས་ཀྱང་བསུ་བའི་མཚན་མ་མང་དུ་བསྟན།
ཚེས་བཅོ་ལྔ་ནས་བཟུང་
འདུ་ཁང་རྟེན་བརྟེན་པ་བཅས་ལ་ཉིན་གསུམ་གྱི་རིང་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད་དེ་བཀྲ་ཤིས་ཀྱི་བྱིན་ཆར་ཕབ།
སྔོན་གྱི་གྲུབ་གནས་
དང་ལྷ་ཁང་ནང་དཔལ་ལྡན་གུར་གྱི་མགོན་པོ་ལ་འཕྲིན་བཅོལ་གཉེར་གཏད་ཀྱང་མཛད།
ཐག་ཉེ་རིང་གི་མཇལ་འགྲུལ་སེར་སྐྱ་ཡོངས་ལ་གང་
མཚམས་ཀྱི་ཆོས་སྦྱིན་དང་ཕྱག་དབང་སོགས་གནང་སྟེ་སོ་སོའི་ཡིད་ཀྱི་རེ་བ་ཡོངས་སུ་བསྐངས།
ཚེས་བཅུ་དགུའི་ཉིན་གདན་ས་ནས་ཆིབས་
བསྒྱུར་ཏེ་ཕེབས་ལམ་རྒྱབ་ཚབ་སྒྲུབ་སྡེ་དང་གོང་མའི་གདན་ས་ཁྲེ་ཙེ་གྲྭ་ཚང་སོགས་སུ་ཞབས་ཀྱིས་བཅགས་ཤིང་བཀྲ་ཤིས་ཀྱི་མེ་ཏོག་འཐོར་བ་
སོགས་དད་ལྡན་སོ་སོའི་ཡིད་ཀྱི་འདུན་པ་ཡོངས་སུ་བསྐངས་ཏེ་ཕེབས་སོ། །
མདོར་ན་རབ་རྒྱལ་ཤིང་གླང་ལོར་ཆོས་སྒོ་ཕྱེ་བ་ནས་བཟུང་རབ་རྒྱན་ཆུ་སྤྲེལ་ལོའི་བར་ལོ་ངོ་བརྒྱད་ཀྱི་རིང་འདུ་ཁང་དང་མགོན་ཁང་རྟེན་
བརྟེན་པ་གཙོས་ད་ལྟ་གྲྭ་ཤག་བཅུ་ལྷག་དང་།
གྲྭ་པ་ཆེ་ཆུང་བཅོ་ལྔ་ལྷག་བཞུགས་པ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ངོས་ཆོས་ཐོག་སོ་སོ་
དང་འདོན་ཆོས་སྤྱོད་ཀྱི་སྐོར་རྣམས་སླར་གསོ་བྱེད་དང་བྱེད་མུར་ཡོད་ལ།
ད་ལྟ་དེང་རབས་ཀྱི་ལུགས་ལྟར་རང་ཁ་རང་གསོའི་རྩ་དོན་གཞིར་
བཟུང་སྟེ་སྒྲིག་ལམ་དང་དོ་དམ་ཡོད་པའི་སྒོ་ནས་ཁོར་ཡུག་གི་རང་བྱུང་ནགས་ཚལ་སྲུང་སྐྱོབ་ཀྱི་འགན་གཙང་ལེན་བྱས་ཏེ་དོ་དམ་བྱེད་བཞིན་
པར་གནས་སོ། ། |