¡¡

༄༅། །རྒྱབ་ཚ་དགོན་བསྟན་རྒྱས་གླིང་།

   ཤར་ལུང་ཡུལ་ཚོའི་མངའ་ཁོངས་སུ་ཆགས་ཡོད། སྡེ་འདི་འདེབས་པ་པོ་ནི། གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་པ་དང་གྲུབ་
པའི་དབང་ཕྱུག་བཀའ་བཞི་རིན་ཆེན་གྲགས་པ་ཡིན་ལ། དམ་པ་འདི་ཉིད་གཞོན་ནུའི་དུས་ནས་སྔོན་གོང་མས་དགེ་བའི་བག་ཆགས་སད་དེ་
རབ་ཏུ་བྱུང་། ཁོང་གིས་སྡེ་འདི་ཐོག་མར་བཏབ་པའི་དུས་ཚིགས་མི་གསལ་ཞིང་། ཐོག་མའི་མཚན་ལ་རི་ཁྲོད་བསྟན་རྒྱས་གླིང་ཟེར། དེར་དཔག་
ན་ཐོག་མར་ཁོང་གིས་གནས་འདིར་རི་ཁྲོད་བཟུང་ནས་མཐར་རིམ་བཞིན་དར་རྒྱས་སུ་སོང་སྟེ་དགོན་པའི་ཚུལ་དུ་གཞི་ཆགས་པ་གོར་མ་ཆག
སྤྱིར་དམ་པ་འདིའི་འཁྲུངས་ཡུལ་དང་མཛད་རྗེས། གྲྭ་ས་གང་དུ་གསན་སྦྱོང་གནང་བ་སོགས་ཀྱི་ལོ་རྒྱུས་གསལ་བོར་མ་མཐོང་མོད། འོན་ཀྱང་
ཁོང་ནི་དབུ་ཕར་མཛོད་འདུལ་སོགས་གཞུང་ཆེན་བཞི་ལ་ཐོས་བསམ་མཐར་ཕྱིན་པའི་འབྲས་རྟགས་སུ་བཀའ་བཞི་པའི་མཚན་རྟགས་བླངས་ཏེ་
མཁས་པའི་ཕ་རོལ་ཏུ་སོན་པ་ཞིག་གོ དམ་པ་འདི་བར་༧གོང་ས་མཆོག་ནས་ཟོབ་དང་བཀའ་ཤོག་གི་གཟེངས་བསྟོད་སོགས་ཆེན་པོར་འོས་པའི་
བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བ་སོགས་ཀྱི་ལོ་རྒྱུས་རོབ་ཙམ་མདོ་སྨད་ཆོས་འབྱུང་དུ་འཁོད་པ་ཙམ་ལས་ཁོང་གིས་ཐོག་མར་དགོན་
པ་ཇི་ལྟར་བཏབ་པའི་ཚུལ་དང་། སྐབས་དེའི་འཛུགས་སྐུན་གྱི་རྒྱ་ཁྱོན་སོགས་ཅི་འདྲ་ཡིན་པ་ད་ལྟ་དཔྱད་པའི་གཞི་མེད་ཀྱང་སྔོན་གྱི་ལོ་རྒྱུས་
གང་ཡོད་པ་ངག་རྒྱུན་འགའ་ཞིག་གིས་ཟུར་བརྒྱན་ཏེ་རགས་ཙམ་བྲིས་པའོ། །
  སྐུ་ཕྲེང་གཉིས་པ་ལུགས་གཉིས་ཀུན་ལ་དབང་འབྱོར་བའི་རྒྱལ་ཚ་གུ་རུ་ཆོས་ལྡན། འདི་བའི་འཁྲུངས་ཡུལ་གསལ་བོར་མི་ཤེས་ཀྱང་། དམ་པ་
འདིའི་སྐུ་དུས་ནས་བཟུང་བླ་མའི་མཚན་གྱི་ཐོག་མར་རྒྱབ་ཚ་ཚང་ཞེས་མཚན་འབྱོར་བ་སོགས་ལ་དཔག་ན་འཁྲུངས་ཡུལ་ཕལ་ཆེར་རྒྱབ་ཚ་གྲོང་
འདི་ཡིན་པར་སེམས། ཁོང་ནི་ལུགས་གཉིས་ཀྱི་མཁྱེན་དཔྱོད་མཁའ་ལྟར་ཡངས་ཤིང་། འཇིག་རྟེན་གྱི་མངའ་ཐང་དང་གྲགས་སྙན་ཕྱོགས་སུ་རྒྱས་
ཏེ་ལྗོངས་འདིའི་ཆེ་དགུ་དྲག་ལྡན་སོགས་སྐྱེ་བོ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་ཅི་གསུང་བཀའ་བཞིན་བསྒྲུབས། དམ་པ་འདིའི་སྐུ་རིང་ལ་སྒྲུབ་སྡེ་
འདི་ཉིད་མྱུ་གུ་བརླན་དང་འཕྲད་པ་བཞིན་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་སྤེལ་ཏེ་ཡར་ལྡན་དུ་བསྐྱངས་པའི་ཚུལ་ནི། ཐོག་མར་
བྱམས་ཁང་དང་འདུ་ཁང་གཅིག་ལྕོགས་བྱས་ནས་བཞེངས་པ་དང་། བླ་བྲང་གཙོས་གྲྭ་ཤག་བཅོ་ལྔ་ཡས་མས་ཙམ། དགེ་འདུན་ཞལ་གྲངས་བཅུ་
ཕྲག་ཟུང་ལྷག་བཞུགས་པར་གྲགས། ཉེ་ཁོར་དུ་བཟོ་བཀོད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་གསུམ་དུས་གཅིག་ལ་སྣ་ཚོགས་འཕྲུལ་གྱིས་
བཀོད་པ་ལྟར་འགྲོ་བའི་ཞིང་མཆོག་དམ་པར་བསྐྲུན་པས་ཀུན་གྱིས་མིང་ལ་གུ་རུའི་ལྷ་ཁང་ངམ། སྤྲུལ་པའི་ལྷ་ཁང་ཞེས་གྲགས། དེར་སྤྲུལ་པའི་ལྷ་
ཁང་ཞེས་པའི་དོན་ནི། ལྷ་ཁང་རྟེན་བརྟེན་པ་འདི་ལྟ་བུའི་རྒྱ་ཆེན་པོའི་ཆ་རྐྱེན་འབད་རྩོལ་ཆེན་པོ་ལ་མ་བརྟེན་པར་བཞེངས་པས་ན་མིང་དེ་
ལྟར་ཐོགས་ཞེས་གྲགས། དེ་ལྟར་གཙུག་ལག་ཁང་རྟེན་བརྟེན་པ་རྣམས་བཞེངས་གྲུབ་རྗེས། ལྷ་བབས་དུས་ཆེན་ཉིན་རབ་གནས་ཀྱི་ཆོ་ག་རྒྱས་པར་
མཛད་སྐབས་གནས་དེའི་ཐད་སོའི་ནམ་མཁར་འཇའ་ཚོན་གྱི་གུར་ཁྱིམ་ཡིད་དུ་འོང་བ་དང་། བར་སྣང་ནས་འབྲུ་དང་སྦྲང་ཆར་མཉམ་དུ་
བབས་པ་སོགས་བཀྲ་ཤིས་པའི་ལྟས་བཟང་སྣ་ཚོགས་བྱུང་སྟེ། སངས་རྒྱས་བྱང་སེམས་རྣམས་ཀྱིས་རབ་གནས་མཛད་པར་གྲགས་ཅེས་སྔ་རབས་
རྒན་པོ་རྣམས་ཀྱིས་གླེང་ཞིང་ཀུན་ལ་གྲགས། དེ་ལྟར་ན་ལྷ་ཁང་འདི་གསུམ་ནི་སྡེ་འདིའི་རྟེན་བཞེངས་ཕལ་ཆེ་བའི་ཐོག་མ་ལྟ་བུ་དང་རྟེན་གཙོ་
ཡིན་ཞིང་རྟེན་གཞན་ལས་བྱིན་རླབས་ཆེ་བའི་ལོ་རྒྱུས་སོགས་ཀྱང་ཡོད་པར་མངོན། དམ་པ་འདི་བར་སྲིད་ཕྱོགས་ནས་གོང་མ་རིམ་བྱོན་སོགས་རྒྱ་
བོད་ཀྱི་གོ་གནས་དང་། སྔ་ཕྱིར་བཀའ་ཤོག་ཆེ་འབྲིང་ཆུང་གསུམ་རིམ་བཞིན་བསྩལ། དེའི་ས་ཆུ་ནགས་གསུམ་གྱི་ཆོ་ལོ་གནང་བའི་ནང་འཁོད་པ་
ལྟར་ན་དབང་བསྒྱུར་མངའ་རིས་ཀྱི་ས་ཁུལ་རྒྱ་ཆེ་ཞིང་སྐབས་འདིར་རགས་བསྡུས་ཙམ་བརྗོད་ན། སྟོད་ན་མང་འབལ་བྱ་གསུམ། ལྷོ་ན་བྲག་
དཀར་སྒོ་ཁྱི་ཚུན་ཆད། བྱང་ན་ཨ་བྲ་རྩི་ཁུག་ཡན་ཆད་ཀྱི་ས་ཆུ་རྣམས་རྒྱབ་ཚ་གུ་རུ་ཆོས་ལྡན་གྱིས་བདག་དབང་མངའ་རིས་སུ་བཟུང་སྟེ། ཆིབས་
རྟ་གྱི་ལིང་གཤོག་དྲུག་ཟེར་བ་དེར་བཅིབས་ནས་སྟོད་དབུས་གཙང་དང་སྨད་རྒྱ་ནག་གི་ཡུལ་གྲུ་སོ་སོར་གང་འདོད་ཀྱིས་ཕེབས་ཐུབ་པ་ཞིག་ཡིན་
ཞེས་གླེང་སྲོལ་འདུག རང་སའི་ཉེ་འཁོར་གྱི་ས་ཆ་རྣམས་ལ་ཆ་མཚོན་ན་ཀོ་ར་ལུང་བའི་ཕུ་མདོ་བར་གསུམ་སྟེ། རྒྱབ་ཚ་དང་ཧོ་རན་ཁམས་ར་
བཅས་སྡེ་ཚོ་གསུམ་གྱི་ས་ཁུལ་གཙོས་བྱི་མ་ལུང་གི་མདོར་སྒོ་སྤྲད། གཡུ་བཟང་ཐང་ལ་འོབས་བཤགས་ཏེ་ས་མཚམས་ཆུ་མཚམས་བཅད་ནས་དེ་
དག་མངའ་འོག་ཏུ་བསྡུས་ཤིང་། ས་ཁུལ་འདི་དག་གཞན་གྱིས་བེད་སྤྱོད་མི་ཆོག་ལ། གལ་ཏེ་བྱེད་དགོས་ཚེ་ཆེ་བས་ཇ་རས་ནོམ་གསུམ། ཆུང་བས་
ཁ་དར་ཡན་ཆད་ཕུལ་ནས་དགོངས་པ་ཞུ་དགོས་པ་ལས་གང་འདོད་བྱེད་མི་ཆོག་པའི་བཀའ་ཁྲིམས་དམ་པོ་ཡོད་པར་གྲགས། ད་ལྟ་ཡང་བྱི་མ་
ལུང་བའི་མདོར་སྒོ་སྤྲད་ཤུལ་དང་གཡུ་བཟང་ལ་འོབས་བཤགས་ཤུལ་སོགས་གསལ་བོར་མངོན་པ་འདིས་ཀྱང་སྔོན་གྱི་ལོ་རྒྱུས་དག་ལ་བདེན་
དཔང་བྱེད་ཐུབ་པ་སོགས་རགས་ཙམ་མོ། །
  སྐུ་ཕྲེང་གསུམ་པའི་མཚན་མི་ངེས་ཤིང་དམེ་ཀྱའི་གྲོང་ཚོར་གཤོང་མོ་ཆེ་སྒྲུབ་སྡེ་འདེབས་པ་པོ་ཨ་ཡག་སྦྱིན་པ་རྒྱ་མཚོའི་ཚ་བོར་འཁྲུངས་
ཟེར་བ་ཙམ་ལས་ཁོང་གི་དགུང་གྲངས་དང་མཛད་རྗེས་གྲྭ་ས་གང་དུ་གསན་སྦྱོང་གནང་བ་སོགས་མི་གསལ། །
  སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པ་དར་རྒྱས་ནི། སྡེ་བཞིའི་ལང་ཚོ་མཆོག་ཏུ་དར་བའི་ཡུལ། འཕྲང་དམར་ཚོ་བཅུ་གཉིས་ཀྱི་ཡ་གྱལ་ལན་
གྲོའི་ཨ་རིག་ཞེས་བྱ་བའི་སྡེ་ཁྲོད་དུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྔོན་གོམས་ཀྱི་བག་ཆགས་སད་སྟོབས་ཀྱིས་རྒྱལ་བའི་བསྟན་སྒོར་རབ་ཏུ་
བྱུང་། ཡི་གེ་འབྲི་ཀློག་དང་འདོན་ཆོས་སྤྱོད་ཀྱི་སྐོར་རྣམས་བསླབས། མཁས་གྲུབ་ཡོངས་ཀྱི་བསྟི་གནས་ལཱ་མོ་བདེ་ཆེན་ཆོས་གླིང་གི་ཆོས་གྲྭར་
ཞུགས་ཏེ་བཀའ་པོད་ཀྱི་གཞུང་རྣམས་ལ་སྦྱངས་པ་མཐིལ་ཕྱིན་མཛད། ཕྱིས་དེ་ལྟའི་དཔོན་སློབ་ཀྱི་ཁྲི་བསྐྱངས། འཆད་ཉན་ཡར་སྐུལ་གང་ལེགས་
མཛད་པ་དང་། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་སོགས་ལུགས་གཉིས་ཀྱིས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས། ཁྱད་པར་དུ་སྔོན་རིང་མོ་ཉིད་ནས་
རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་སྨོན་ལམ་རྣམ་པར་དག་པའི་མཐུས། འཇམ་མགོན་རྒྱལ་བ་གཉིས་པ་ཡབ་རྗེ་གསེར་ཁང་བའི་མཚན་ཐོས་པ་
ཙམ་གྱིས་ཀྱང་ཟད་མི་ཤེས་པའི་ཐུགས་དད་འཁྲུངས་ཏེ་ཞབས་པད་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན། མདོ་སྔགས་ཀྱི་ཟབ་ཁྲིད་
དང་མན་ངག་དབང་ལུང་རྗེས་གསུམ་གྱི་རིགས་མཐའ་དག་གི་རྒྱུན་བཟང་བུམ་པ་གང་བྱོའི་ཚུལ་གསན་ཏེ་ཐུགས་ཡུལ་གཅིག་ཏུ་འདྲེས་པས་ན་
ཐུགས་སྲས་ཀྱི་ཐུ་བོར་གྱུར། ཁོང་ནི་ཚུལ་ཁྲིམས་རྣམ་པར་དག་ཅིང་ཉེས་ལྟུང་གི་དྲི་མས་མ་གོས་པར་ཡི་དམ་གྱི་བསྙེན་ཆེན་དུ་མ་དང་། སྐུ་ཚེ་
གང་བོར་མཆོད་འབུལ་ཚོགས་བསགས་སྒྲིབ་སྦྱོང་སོགས་ཉམས་ལེན་ལ་ཆུ་བོའི་རྒྱུན་བཞིན་བརྩོན་པ་སོགས་གཞན་གྱིས་འགྲན་དུ་མེད་པ་མཛད་
པས་ན། སྡེ་འདིའི་སྐྱེ་བོ་དྲག་ཞན་བར་མ་ཀུན་གྱི་སྐྱབས་དང་དཔུང་གཉེན་གཅིག་པུར་མངོན་དུ་བཞེངས། དམ་པ་འདིའི་སྐུ་རིང་ནས་གདན་ས་
ཆེན་པོ་ལཱ་མོ་བདེ་ཆེན་གྱི་དགོན་མ་ལག་ཉེར་ལྔའི་གྲས་སུ་ཚུད། འདི་བའི་ཡར་སྔོན་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ལས་ལག་ཏུ་
གཏོགས་པ་མདོ་སྨད་ཆོས་འབྱུང་དུ་གསལ་བ་ལྟར་ཡིན། དེ་ལྟར་སྐུ་ཚེ་འདིའི་ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་ནས་གཟུགས་སྐུའི་བཀོད་
པ་ཆོས་དབྱིངས་སུ་བསྡུས། །
  སྐུ་ཕྲེང་ལྔ་པའི་མཚན་མི་ངེས་ཤིང་། བྱ་སྟོད་སྨྲ་སྐམ་ནས་འཁྲུངས་ཟེར་བ་ཙམ་ལས་དགུང་གྲངས་མཛད་རྗེས་སོགས་མི་གསལ། །
  སྐུ་ཕྲེང་དྲུག་པ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དགུང་གྲངས་ཉི་ཤུར་སླེབས་འཕྲལ་སྐུ་གཤེགས་ཟེར་བ་ཙམ་ལས་འཁྲུངས་ཡུལ་མི་གསལ། །
  སྐུ་ཕྲེང་བདུན་པ་བརྒྱད་པ་གཉིས་ཀྱི་འཁྲུངས་ཡུལ་མི་གསལ་ལ་ན་ཚོད་མ་སྨིན་པར་སྐུའི་མེ་ཏོག་ཡལ་བས་གདན་ཁྲིར་འགོད་རྒྱུ་མ་བྱུང་བ་
འདྲ། །
  སྐུ་ཕྲེང་དགུ་པ་དགེ་འདུན་དམ་ཆོས་རབ་རྒྱས་ནི། བཙན་ཕྱུག་གཉན་གསུམ་འཛོམ་པའི་བྱ་སྟོད་སྨྲ་སྐམ་ཞེས་བྱ་བའི་སྡེ་ཁྲོད་དུ་རིགས་རུས་
ཕུན་སུམ་ཚོགས་པའི་ཁྱིམ་གཞི་ཞིག་ཏུ་འཁྲུངས། ཆུང་ངུའི་གནས་སྐབས་དེར་ཡང་བྱིས་པ་ཕལ་བ་གཞན་དང་མི་འདྲ་བར་དམ་པས་སྨད་པའི་
ཉེས་སྤྱོད་ཀྱི་རིགས་ལ་ནམ་ཡང་མི་འཇུག་ཅིང་། མཆོག་གསུམ་གྱི་རྟེན་དང་ཡབ་ཡུམ་ལ་གུས་འདུད་ལྷུར་ལེན་པ་སོགས་ཆོས་མཐུན་གྱི་མཛད་
སྤྱོད་དུ་མས་སྐྱེ་བུ་དམ་པའི་རང་རྟགས་ཁྱད་དུ་མངོན་པ་ཞིག་གོ དགུང་ལོ་གསུམ་པའི་སྟེང་༧གོང་ས་རྒྱལ་དབང་བཅུ་གསུམ་པའི་རིགས་ཀྱི་
ཅོད་པན་རྗེ་ཞྭ་དམར་བ་མ་ཧཱ་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་ངོས་འཛིན་གནང་། ཕྱིས་རྗེ་དེ་ཉིད་ལས་རབ་བྱུང་དང་དགེ་ཚུལ་
དཀྱུས་གཅིག་ཏུ་བསྒྲུབས་ཏེ་ངུར་སྨྲིག་གི་རྒྱལ་མཚན་ལེགས་པར་བཞེས། གདན་སར་འཁོད་ནས་ཡི་གེ་འབྲི་ཀློག་དང་འདོན་ཆོས་སྤྱོད་ཀྱི་སྐོར་
རྣམས་ལ་ཞིབ་ཏུ་སྦྱངས། སྔ་ཕྱིར་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་རྗེ་ཞྭ་དམར་པཎྜི་ཏ་སོགས་ཚད་མའི་སྐྱེས་བུ་དུ་མ་བསམ་སྦྱོར་གཉིས་ཀྱི་སྒོ་
ནས་ཚུལ་བཞིན་བསྟེན་ཏེ། དབང་ལུང་མན་ངག་གི་རྒྱུན་མཐའ་དག་གསན། དེ་ནས་གདན་ས་ཆེན་པོ་ལཱ་མོ་བདེ་ཆེན་ཆོས་གླིང་གི་ཆོས་སྒོར་
ཞུགས་ཏེ་བསྡུས་གྲྭ་ནས་བཟུང་བློ་རྟགས་ཕར་ཕྱིན་སོགས་ལ་སྦྱངས་པ་མཐིལ་ཕྱིན་མཛད། སྐབས་ཤིག་རིང་སྐྱབས་གཅིག་མཐོང་བ་དོན་ལྡན་གོང་
ས་མཆོག་སྤྲུལ་རིན་པོ་ཆེའི་གདན་ས་མགུར་དགོན་རྣམ་རྒྱལ་གླིང་དུ་གྲྭ་སྲི་ཞིག་ལངས་པས་མི་འདོད་པའི་རྐྱེན་དུ་མ་བྱུང་བར་བརྟེན་གོང་སའི་
བཀའ་བཞིན་དམ་པ་འདི་བ་གདན་དྲངས་ཏེ་ལོ་གསུམ་རིང་མཁན་ཁྲིར་བཞུགས་པ་ནས་བཟུང་འཚུབ་བགེགས་རང་ཞིར་སོང་སྟེ་ཆོས་སྲིད་
གཉིས་ཆར་གྱི་སྒོ་ནས་སྐྱོང་བཀུར་གང་ལེགས་མཛད། དམ་པ་འདི་ཉིད་ལྟ་སྒོམ་སྤྱོད་པའི་རྟོགས་པ་ཀློང་དུ་བརྡོལ་ཞིང་མངོན་ཤེས་དང་རྨི་ལམ་
གྱི་མཚན་མ་གཙིགས་པས་མ་འོངས་འབྱུང་འགྱུར་སོགས་ལུང་ཏུ་བསྟན་པ་བཞིན་སྟེང་དུ་ཁེལ་བའི་གྲགས་སྙན་ཕྱོགས་བཅུར་རྒྱས། བཀའ་སྲུང་
དམ་ཅན་བྲན་དུ་འཁོལ་བའི་རྣམ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་ཉིད་ཀྱི་བྱམས་བརྩེ་སྲུང་བའི་གུར་ཁང་དུ་སྐྱབས་འཚོལ་ཞུ་བའི་མི་སྡེ་ཕྱོགས་
སོ་སོ་ནས་འོང་བ་དང་། སྒོས་རང་རེའི་ལྗོངས་འདིའི་སྟོད་སྨད་བར་གསུམ་དང་། མང་འབལ་བྱ་གསུམ། རྨ་ཕར་ཚུར་གྱི་ཡོན་བདག་སོ་སོས་
གདན་ཞུས་ལྟར་ཆིབས་བསྒྱུར་ཏེ་གདུལ་བྱའི་ཁམས་དང་མོས་པ་བཞིན་གང་འཚམ་གྱི་སྒོས་ཆོས་གྱ་ནོམ་པས་ཚིམ་པར་མཛད་པ་དང་། མི་ཁྱིམ་
སོ་སོའི་འདོད་མོས་བཞིན་མི་ཕྱུགས་ཀྱི་ནད་ཡམས་དང་གོད་ཁ་སྲི་བཟློག་སོགས་གང་ལ་གང་འཚམ་གྱི་ཆོས་སྦྱིན་རྒྱ་ཆེར་བསྩལ། རྗེ་འདིའི་སྐུ་
རིང་ལ་སྒྲུབ་སྡེ་འདིའི་འདུ་ཁང་རྟེན་བརྟེན་པ་བཅས་བསྐྱར་བཞེངས་དང་། གཟིམ་ཁང་རྒྱ་བསྐྱེད་མཛད་དེ་དར་རྒྱས་ཕུན་སུམ་ཚོགས་པོ་བྱུང་།
འདི་ལྟར་ཐུགས་ཀྱི་བཞེད་དགུ་མཐའ་དག་ལྷུན་གྱིས་གྲུབ་ནས་མཐར་དགུང་གྲངས་དྲུག་ཅུ་ཡས་མས་ཙམ་དུ་གཟུགས་སྐུ་ཆོས་དབྱིངས་སུ་
བསྡུས། །
  སྐུ་ཕྲེང་བཅུ་པ་བློ་བཟང་ལུང་རིགས་རྒྱ་མཚོ་ནི། མཆོད་བཞིས་རྒྱབ་ཚ་སྡེ་ཁྲོད་དུ་སྤྲུལ་བའི་ཟློས་གར་བསྒྱུར། དམ་པ་འདི་ཉིད་ཀྱི་སྐུའི་འཛུམ་
ཞལ་ཐོག་མར་སྤྲོ་བའི་ཚེ། ཁྱིམ་གཞིའི་རྭ་བའི་དར་མོ་ཆེའི་རྩེ་ནས་དཔྱིད་ཀྱི་ཕོ་ཉའི་གདངས་སྙན་ལྷང་ལྷང་དུ་གྲགས་པས་སྐུ་ཚེ་འདིར་མཛད་
འཕྲིན་ཕྱོགས་སུ་རྒྱས་པའི་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཏུ་གྱུར། དགུང་ལོ་གསུམ་པའི་སྟེང་འཇམ་མགོན་བསྟན་པའི་སྣང་བྱེད་ཐར་ཤུལ་
རྡོ་རྗེ་འཆང་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོས་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད། ཕྱིས་རྗེ་དེ་ཉིད་ལས་རབ་ཏུ་བྱུང་སྟེ་བློ་བཟང་
ལུང་རིགས་རྒྱ་མཚོ་ཞེས་མཚན་གྱི་མེ་ཏོག་གནང་། སྐུ་ཡོན་འབུལ་བའི་དགེ་རྒན་ཡང་བླ་མ་རིན་པོ་ཆེའི་ལྗགས་བཀོད་བཞིན་སྐུ་གོང་མའི་ཉེ་
གནས་ཆེན་པོ་འཚོ་བྱེད་གཞོན་ནུ་གཉིས་པ་སྨྲ་སྐམ་བདེ་ལེགས་ཞུ་བ་དེ་དགེ་རྒན་དུ་གདན་དྲངས། ཡི་གེ་ཀློག་སྦྱོར་དང་འདོན་ཆོག་ཆོས་སྤྱོད་
གང་མཁོ་ཐུགས་འཛིན་གནང་། ཞར་ལ་གསོ་རིག་གི་གཞུང་དང་རིམ་པས་རྩ་ཆུ་རྟགས་ཚུལ། སྨན་རྩྭ་ངོས་འཛིན་དང་སྡེབ་སྦྱོར་སོགས་ཞིབ་ཁྲིད་
གནང་བ་ཚེགས་མེད་དུ་མཁྱེན། དེ་ནས་དགེ་རྒན་དང་ལྷན་དུ་བླ་མ་ཆོས་པ་ཡབ་སྲས་ཀྱི་གདན་ས་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་དུ་ཕེབས་ནས་
ལོ་ཤས་རིང་བཞུགས། ཕྱིས་སྐུ་གོང་མའི་འཁྲུངས་ཡུལ་བྱ་སྟོད་སྨྲ་སྐམ་གྱི་ཆུ་ཀར་དཀར་སྐེ་ཟེར་བའི་སར་དབྱར་བཞུགས་གནང་། རིམ་པས་
གནས་དེར་མཚམས་ཁང་བརྩིགས་ཏེ་རྒྱུན་བཞུགས་གནང་། དེར་བརྟེན་དེ་གར་སྡོད་པའི་གྲྭ་པ་རྣམས་ཀྱིས་ཁ་མིག་ཡར་ལྟོས་གནས་དེར་སྒོམ་
ཁང་རེ་བརྩིགས་ཏེ་ཉམས་ལེན་ལ་བརྩོན་པའི་མཐར་དགེ་འདུན་གྱི་སྡེ་ཞིག་ཆགས་ཏེ་ཚོགས་གཉིས་ཆོས་འཕེལ་གླིང་ཞེས་མཚན་གསོལ། ད་ལྟ་
ཀུན་གྱི་སྨྲ་སྐམ་མཚམས་ཐོགས་ཞེས་འབོད་པ་འདིའོ། ཕྱིས་ཕྱོགས་དེའི་བན་སྔགས་ཐུན་མོང་གིས་དམ་པ་འདི་བར་ཁྱེད་ཀྱིས་དགོན་པ་འདི་ལ་
བདག་སྐྱོང་བྱེད་དགོས་ཞེས་ཕུར་ཚུགས་ཀྱིས་གསོལ་བ་ནན་ཏན་ཏུ་བཏབ་པ་ལྟར་ལོ་ཤས་རིང་དེར་བཞུགས་ནས་སོ་སོའི་ཡིད་ཀྱི་རེ་བ་ཡོངས་སུ་
བསྐངས། དེ་ནས་ཕྱིར་གདན་སར་ཕེབས་ནས་བཞུགས་ཤིང་སྔ་ཕྱི་བར་གསུམ་དུ་གཡེར་གཤོང་མཁན་ཆེན་རྗེ་ངག་དབང་བློ་བཟང་བསྟན་འཛིན་
རྒྱ་མཚོ་དཔལ་བཟང་བོ་དང་སེམས་དཔའ་ཆེན་པོ་བིས་ཀྱཱ་བློ་བཟང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་འཇམ་མགོན་བསྟན་པའི་རྩ་ལག་སྐེ་ཀྱ་བློ་
བཟང་བསྟན་པའི་སྒྲོན་མེ། བཤད་སྒྲུབ་བསྟན་པའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཐར་ཤུལ་ཡོངས་འཛིན་རྡོ་རྗེ་འཆང་
རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་སོགས་ཚད་ལྡན་གྱི་བླ་མ་དུ་མའི་ཞབས་པད་སྤྱི་བོར་བསྟེན་ཏེ་དབང་ལུང་རྗེས་གསུམ་སོགས་བཀའ་ཆོས་
ཅི་རིགས་གསན། དགུང་ལོ་བཅུ་གསུམ་པའི་སྟེང་གདན་ས་ཆེན་པོ་ལཱ་མོ་བདེ་ཆེན་དགེ་ཚོགས་གླིང་དུ་ཚོགས་བཞུགས་གནང་སྟེ་དགེ་འདུན་པ་
ཞལ་གྲངས་ལྔ་བརྒྱ་ལྷག་ལ་མང་འགྱེད་བསྙེན་བཀུར་གཟབ་རྒྱས་ཞུས། ལོ་ཁོག་དགེ་བཤེས་ཤེས་རབ་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་ལོ་ངོ་བཞིའི་
རིང་བསྡུས་གྲྭ་ནས་བློ་རྟགས་བར་སློབ་གཉེར་མཐིལ་ཕྱིན་པ་གནང་། དེ་ནས་མདོ་སྨད་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་
ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་གསན་སྦྱོང་མཛད། རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོའི་དུས་འགྱུར་གྱིས་ཐུབ་པའི་བསྟན་པ་ལ་ཉམས་འགྲིབ་ཆེན་
པོ་བྱུང་བར་བརྟེན་བར་ཆད་ཀྱི་རྣམ་པས་མཐར་མ་ཕྱིན་པར་རེ་ཞིག་དེ་གར་བཞུགས་རིང་སྣང་མཐའི་རིགས་ཀྱི་ཅོད་པན་རྗེ་འཇིགས་མེད་རྒྱ་
མཚོ་ཚང་ཤུལ་དུ་བཞུགས་པ་ལ་སྐབས་བསྟུན་གྱི་ཕྱག་གཡོག་ཅུང་ཙམ་རེ་ཞུ་རྒྱུའི་སྐལ་བ་བྱུང་། མཐར་བཟློག་ཏུ་མེད་པའི་རྐྱེན་དབང་གིས་ཕྱིར་
རང་ཡུལ་དུ་མི་ཕེབས་ཐབས་མེད་བྱུང་སྟེ། ཕེབས་ཁར་བླ་སློབ་ཕན་ཚུན་ཐུགས་འཕྲེང་བའི་རྣམ་པ་མཛད་ནས་བླ་མས་ཁྱེད་ནམ་ཡང་ཐུགས་ནས་
མི་འདོར་ཞེས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་གསུང་གི་མཐའ་མ་ཞལ་ཆེམས་ཀྱི་ཚུལ་དུ་གནང་བ་ནི་སྐུ་ཚེ་འདིར་འཇལ་བའི་ཐ་མར་གྱུར་
པའི་ལྟས་སུ་མངོན། དེ་ནས་རང་ཡུལ་དུ་ཕེབས་ནས་ལོ་ཤས་བཞུགས་ཤིང་རབ་རྒྱལ་ཆུ་སྟག་ཕྱི་ལོ་༡༩༦༦ལོར་རིག་གསར་གྱི་མགོ་བརྩམས་པ་
ནས་བཟུང་ལོ་དུ་མར་དུཿཁས་མནར་བ་བྱུང་། རབ་རྒྱལ་ལྕགས་སྤྲེལ་ཕྱི་ལོ་༡༩༨༠ལོར་ཁུལ་སྲིད་གྲོས་ཀྱི་མིང་སླར་གསོ་བྱས་ཏེ་སྔ་ཕྱིར་ཚོགས་འདུ་
སོ་སོར་ཕེབས། དེ་ནས་ཁུལ་དང་རྫོང་གི་སྤྱི་ཚོགས་རིང་ལུགས་དཔལ་ཡོན་གཉིས་ཀྱི་སྔོན་ཐོན་མི་སྣར་གདམས་ཏེ་སྔ་ཕྱིར་རིམ་པ་སོ་སོའི་བྱ་
དགའ་ཐོབ། དེ་ནས་བཟུང་དམ་པ་འདིའི་སྐུའི་ན་ཚོད་ཕྲ་མོའི་དུས་ནས་སྦྱངས་པའི་གསོ་བ་རིག་པའི་གཞུང་ལ་ཡང་བསྐྱར་འབད་བརྩོན་གནང་
སྟེ་འགྲོ་མང་ནད་ཀྱིས་ཉེན་པ་རྣམས་ལ་སྨན་གྱི་འགྲོ་ཕན་རྒྱ་ཆེར་གནང་། རང་ལོ་ཞེ་ལྔ་པ་རབ་རྒྱལ་ཤིང་བྱི་ཕྱི་ལོ་༡༩༨༤ལོར་ཁྲི་ཀ་རྫོང་སྐབས་
དང་པོའི་སྲིད་གྲོས་ཀྱི་དབུ་བཞུགས་གཞོན་པའི་འགན་བཞེས། འདི་ལོར་ཁུལ་སྲིད་གྲོས་ཀྱི་ལྟ་སྐོར་ཚོགས་པ་དང་མཉམ་དུ་པེ་ཅིང་དང་། ཐེན་
ཅིན། ཧྲང་ཧེ་སོགས་སུ་གནམ་གྲུ་དང་མེ་འཁོར་གྱི་བགྲོད་པ་ལ་བརྟེན་ནས་གནའ་བོའི་དགོན་པ་དང་ལྷ་ཁང་། གཞན་ཡང་ངོ་མཚར་བའི་བཟོ་
གྲྭ་དང་སློབ་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་སོགས་འདི་སྣང་གི་ཡ་མཚན་པའི་ལྟད་མོ་མང་པོར་ཞལ་གཟིགས་གནང་། རབ་རྒྱལ་ཤིང་གླང་ཕྱི་ལོ་
༡༩༨༥ལོར་ཁྲི་ཀ་རྫོང་བོད་སྨན་ཁང་གི་འགན་ཞོར་ཁུར་མཛད་དེ་ཧོ་ཞི་ཡུལ་ཚོར་རྫོང་བོད་སྨན་ཁང་ཐོག་མར་གསར་འཛུགས་གནང་། རབ་
རྒྱན་ས་སྦྲུལ་ཕྱི་ལོ་༡༩༨༩ལོར་བོད་སྨན་ཁང་ད་ལྟའི་གནས་འདིར་སྤོས་ཏེ་ཁྲི་ཀ་རྫོང་ལྷན་སྲིད་ཀྱི་དབུ་ཁྲིད་དང་། ཁུལ་དང་ཞིང་ཆེན་རིམ་པས་
རྒྱབ་སྐྱོར་འོག་སྒོར་སུམ་འབུམ་ལྷག་གི་འགྲོ་གྲོན་བཏང་སྟེ་མི་རིགས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་བོད་རྒྱ་ཟུང་གི་ཁང་བའི་བཟོ་དབྱིབས་ལྟར་
སྨན་ཁང་གསར་བཞེངས་བྱེད་པ་ལ་ཐུགས་ཁུར་གང་ཡོད་བཏོན། རབ་རྒྱན་ལྕགས་རྟ་ཕྱི་ལོ་༡༩༩༠ལོར་རྫོང་དམངས་ཆེན་སྐབས་བདུན་པའི་
རྒྱུན་ལས་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་དང་། ཞོར་དུ་རྫོང་བོད་སྨན་ཁང་གི་མཚན་ཐོག་གི་འགན་འཛིན་གྱི་འཁུར་བཞེས་ཏེ་དམངས་
དོན་སྒྲུབ་བཞིན་པ་དང་། སྐབས་འགར་རྩྭ་སའི་རྩོད་གླེང་ཛ་དྲག་ཆེ་བའི་རིགས་དང་མི་རྟ་མང་བོ་ཤི་བའི་དོན་རྐྱེན་རྣམས་ཀྱང་སྲིད་ཀྱི་མཛུབ་
སྟོན་འོག་དམ་པ་འདིས་ཆོས་སྲིད་གཉིས་ཆར་གྱི་སྒོས་འདུམ་པར་བྱེད་པའི་མཛད་བཟང་ད་ལྟ་རྒྱ་བོད་ཀུན་གྱིས་བསྔགས་བཞིན་པ་འདིའོ། །
  དེ་ཡང་སྒྲུབ་སྡེ་འདིའི་ཐོག་མའི་འདུ་ཁང་ཀ་རིང་གཉིས་ཀྱིས་བཏེགས་པའི་གྱན་ལྔ་ཡིན་ལ། ནང་རྟེན་གྱི་གཙོ་བོ་ནི་ཇོ་བོ་ཡིད་བཞིན་ནོར་
བུའི་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་བ། འཇམ་མགོན་བླ་མ་ཡབ་སྲས་ཀྱི་སྐུ་བརྙན་བྱིན་ཅན། གཡས་གཡོན་ལོགས་གཉིས་སུ་གྱན་ཐང་དང་།
མགར་ནག་གི་ཞལ་ཐང་བཀའ་གཉན་ཅན་བཅས་བཞུགས། གསུང་རྟེན་གྱི་སྐོར་ལ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གླེགས་ཐུམ་གླེགས་ཐག་གདོང་
དར་བཅས་ཆ་ཚང་། བྱམས་ཁང་གི་ནང་རྟེན་གཙོ་བོ་ནི། རྣམ་འདྲེན་ལྔ་པ་མི་ཕམ་མགོན་པོའི་སྐུ་བརྙན་ལེགས་ཤོས་དང་། རྗེ་ཡབ་སྲས་གསུམ།
ཉེ་བའི་སྲས་ཆེན་བརྒྱད་སོགས་ཀྱི་སྨན་སྐུ་བྱོན་གཙང་དང་། གསང་བདེ་འཇིགས་གསུམ། མགོན་ཆོས་སོགས་ཆོས་སྐྱོང་གི་ཞལ་ཐང་། དམ་ཅན་རྡོ་
རྗེ་ལག་པའི་སྨན་སྐུ་བཀའ་གཉན་ཅན་བཅས་དང་། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་། ཐུགས་རྟེན་དུ་སྐུ་ཕྲེང་གོང་མ་
ལྔའི་སྐུ་གདུང་མཆོད་རྟེན། རྒྱ་བཟའ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་བཅས་ལེགས་པར་བཞུགས། རྒྱབ་ཚ་གུ་རུ་ཆོས་ལྡན་གྱིས་བཞེངས་པའི་ལྷ་
ཁང་གསུམ་གྱི་དབུས་མའི་ནང་རྟེན་ནི། རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་དང་ཉེ་བའི་སྲས་ཆེན་བརྒྱད། གཡས་གཡོན་གྱི་
ལོགས་རྣམས་སུ་སངས་རྒྱས་འཁྲུངས་རབས་ཀྱི་ལྡེབས་བྲིས་སོགས་བཞུགས། གཞོགས་གཡས་ཀྱི་ལྷ་ཁང་ནང་དུ་རྒྱུ་སྨན་འདམ་ལས་གྲུབ་པའི་སྟོན་
པ་གཙོ་འཁོར་གསུམ། ཉེ་བའི་སྲས་ཆེན་བརྒྱད། ཡི་དམ་རྡོ་རྗེ་འཇིགས་བྱེད་དང་མགོན་པོ་ཕྱག་དྲུག་པའི་སྐུ་བརྙན་ཁང་ཚད་ཙམ། བར་སྐོར་དུ་
ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྨན་སྐུ་བྱོན་གཙང་དང་། གཡས་གཡོན་ལོགས་གཉིས་སུ་སངས་རྒྱས་བྱང་སེམས་སོགས་ཀྱི་ལྡེབས་རིས་
མང་དུ་བཞུགས། གཞོགས་གཡོན་གྱི་ལྷ་ཁང་གི་ནང་རྟེན་ནི། རྒྱུ་སྨན་འདམ་གྲུབ་པའི་དུས་གསུམ་སངས་རྒྱས། ཉེ་བའི་སྲས་ཆེན་བརྒྱད། རྒྱན་དྲུག་
མཆོག་གཉིས་སོགས་ཀྱི་འབག་སྐུ་དང་གཡས་གཡོན་ལོགས་གཉིས་སུ་གྲུབ་ཆེན་བརྒྱད་ཅུའི་ལོགས་བྲིས་སོགས་བཞུགས། ལྷ་ཁང་འདི་གསུམ་གྱི་
གནམ་བརྒྱན་ངོས་སུ་དཀྱིལ་འཁོར་བརྒྱ་རྩ་སོགས་བཞུགས་པར་གྲགས། ལྷ་ཁང་འདི་གསུམ་གྱི་ནང་རྟེན་རྣམས་སྔར་ས་སྐྱ་ནས་གདན་དྲངས་
པའི་བྱིན་རྟེན་རྩ་འགངས་ཆེ་བའི་རིགས་མང་དུ་བཞུགས་པར་གྲགས། གཞན་ཡང་ལྷ་ཁང་དང་འདུ་ཁང་བྱམས་ཁང་སོ་སོའི་ནང་མཆོད་པའི་ཡོ་
བྱད་འཕན་གདུགས་རྒྱལ་མཚན་སོགས་མཆོད་རྫས་དང་། རྔ་སྦུབས་དུང་དང་རྒྱ་གླིང་སོགས་མཆོད་ཆས་རིགས་ཀྱང་མང་དུ་ཡོད། །
  གཞན་ཡང་སྡེ་འདིའི་འདོན་རྟ་དབྱངས་གསུམ་དང་། ཆོ་ག་ཕྱག་ལེན་སོགས་ནི་རྭ་རྒྱའི་ཕྱག་ལེན་ཇི་ལྟ་བ་དང་། ཆོས་ཐོག་གི་རིམ་པ་ཡང་
རྒྱ་ལོ་སྨོན་ལམ་ཉིན་བརྒྱད། གཉིས་པའི་དུས་མཆོད་ཉིན་ལྔ། གསུམ་པར་ཀུན་རིག་སྒྲུབ་མཆོད་ཉིན་བདུན་སྦྱིན་བསྲེག་དང་བཅས། དྲུག་པའི་
མཆོད་པ་ཉིན་ལྔ། བརྒྱད་པར་མི་འཁྲུགས་པའི་བདག་འཇུག་ཉིན་ལྔ། དགུ་པའི་བསྐང་སྒྲུབ་ཉིན་ལྔའི་ནང་མགོན་ཆོས་ལྷ་མོ་གསུམ་གྱི་བསྐང་
གསོ་གཙོར་བྱེད་དགོས། མཆོད་གཞིའི་སྡེ་ཡང་སྔར་ནས་རྒྱབ་ཚ་དང་། ཧོ་རན། ཁམས་ར་བཅས་ཡིན། ཆོས་ཐོག་སོ་སོའི་འཚོ་བའི་རྟེན་གཞི་གཙོ་
ཤོས་ནི་ཞིང་ས་ཡིན་ལ་རབ་རྒྱལ་ས་ཁྱི་ལོའི་ཡར་སྔོན་དགོན་པ་དང་བླ་བྲང་གཉིས་ཀར་བསྡོམས་པས་ས་མུའུ་ལྔ་བརྒྱ་ཙམ་དང་། སྡོང་རྭ་བ་
གཅིག་བཅས་ཡོད། །
  ད་ནི་ཞར་བྱུང་སྡེ་འདིར་སྔ་ཕྱིར་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དུ་མས་རྗེས་སུ་བཟུང་བའི་ཚུལ་ཅུང་ཙམ་བརྗོད་ན། སྐུ་ཕྲེང་དགུ་པ་དགེ་
འདུན་དམ་ཆོས་རབ་རྒྱས་ཀྱི་སྐུ་རིང་ལ་སློབ་དཔོན་དབྱིག་གཉེན་གྱི་རྣམ་སྤྲུལ་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་
བཟང་པོ་དང་། སྐྱབས་རྗེ་ཐར་ཤུལ་རྡོ་རྗེ་འཆང་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་སོགས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་
ནས་དབང་ལུང་མན་ངག་གི་ཆོས་ཆར་དགུང་ནས་ཕབས་པས། སྒྲུབ་སྡེ་འདི་ཡང་ཉེ་འཁོར་གྱི་དད་ལྡན་གདུལ་བྱ་ཡོངས་ལ་བཀའ་དྲིན་ཆེ་བའི་
ཚུལ་རྣམས་རེ་རེ་བཞིན་ཞིབ་ཏུ་འགོད་པར་མི་ནུས་བས་རེ་ཞིག་འདི་ཙམ་ལས་མ་སྤྲོས། རབ་རྒྱལ་མེ་སྟག་ཕྱི་ལོ་༡༩༨༦ལོར་དགོན་པ་སླར་གསོ་
བྱེད་སྐབས། མཆོག་སྤྲུལ་བློ་བཟང་ལུང་རིགས་རྒྱ་མཚོས་གདན་ཞུས་ལྟར་སྐུ་འབུམ་མཁན་པོ་སྐེ་ཀྱ་བློ་བཟང་བསྟན་པའི་སྒྲོན་མེ་སྡེ་འདིར་ཐོག་
མར་ཕེབས་ནས་དགོན་སར་ཞབས་ཀྱིས་བཅགས་ཤིང་བཀྲ་ཤིས་ཀྱི་མེ་ཏོག་འཐོར་བ་སོགས་ཀྱི་བཀའ་དྲིན་བསྐྱངས། རབ་རྒྱན་ཆུ་སྤྲེལ་ཕྱི་ལོ་
༡༩༩༢ལོའི་ཧོར་ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་འཇམ་དབྱངས་སྨྲ་བའི་སེང་གེ་མི་ཡི་གཟུགས་སུ་རྣམ་པར་རོལ་བ་ཆོས་པ་རིན་པོ་ཆེའི་སྐུའི་སྒྱུ་
འཕྲུལ་རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་སྐུ་འཁོར་བླ་གྲྭ་བཅུ་ཕྲག་ཟུང་ལྷག་བཅས་སྡེ་འདིར་གདན་དྲངས་ཏེ་
བསྙེན་བཀུར་དང་ཟང་ཟིང་གི་དངོས་འབུལ་གཟབ་རྒྱས་ཞུས། བླ་མ་རིན་པོ་ཆེས་ཀྱང་ཆོས་དང་ཟང་ཟིང་གི་བདག་རྐྱེན་རྒྱ་ཆེར་བཙལ་ཏེ་རྗེས་སུ་
འཛིན་པའི་རྟེན་འབྲེལ་གང་ལེགས་མཛད། དེ་ནས་འདུ་ཁང་ནང་གི་རྟེན་གཙོ་ཁག་ལ་སྙན་དར་ཕུལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་ནས་
ཡུན་དུ་དར་ཞིང་རྒྱས་པའི་ཐུགས་སྨོན་གྱི་མཚམས་སྦྱོར་ཤུགས་དྲག་གནང་བ་དང་། སྒོས་སུ་བསྟན་སྲུང་དམག་ཟོར་མ་ལ་སྙན་ཤལ་སྲིད་དུ་རིང་
བ་ཞིག་ཕུལ་ཏེ་འཕྲིན་ལས་རྣམ་བཞི་གཡེལ་མེད་དུ་སྒྲུབ་པའི་འཕྲིན་བཅོལ་དང་གཉེར་གཏད་ཡང་ཡང་མཛད། དེ་ནས་འདུ་ཁང་རྟེན་བརྟེན་པ་
རྣམས་ལ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་གི་བྱིན་ཆར་ཕབས་པ་སོགས་ཀྱི་སྒོ་ནས་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་བསྐྲུན་
པ་གནང་། མཆོག་སྤྲུལ་དམ་པ་གཙོས་གཞིས་བྱེས་ཀྱི་བླ་གྲྭ་ཡོངས་ལ་ལམ་རིམ་བསྡུས་དོན་གྱི་ཞལ་ལུང་དང་སེར་སྐྱ་ཚོགས་པ་བརྒྱ་ཕྲག་དུ་མ་ལ་
འཕོ་ཁྲིད་གསེར་གི་སྒོ་འབྱེད་ཀྱི་བཤད་ཁྲིད་གསུང་བཤད་རྒྱས་པ་དང་། འཕོ་ལུང་ཕྱག་དབང་སོགས་ཀྱིས་རེ་བ་ཡོངས་སུ་བསྐངས་ཏེ་ཐམས་ཅད་
སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་སོགས་ཆོས་སྲིད་གང་ངོས་ནས་བཀའ་དྲིན་གཞལ་དུ་མ་མཆིས་པ་ཡིན་ནོ། །
  ཉམས་པ་སླར་གསོ་བྱས་པའི་ཚུལ་ལ། རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོར་ཐུབ་པའི་བསྟན་པ་ལ་ཉམས་འགྲིབ་ཆེན་པོ་བྱུང་བར་བརྟེན་ལོ་ངོ་
བཅུ་ཟུང་ལྷག་རིང་དགོན་གནས་སྟོངས། འོན་ཀྱང་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་དངོས་འབེབས་དང་སླར་གསོ་བྱས་པར་བརྟེན་རབ་
བྱུང་བཅུ་དྲུག་པའི་ཟད་པ་མེ་སྟག་ཕྱི་ལོ་༡༩༨༦ལོར་སྒྲུབ་སྡེ་བསྟན་རྒྱས་གླིང་འདི་ཉིད་ཡང་བསྐྱར་སླར་གསོ་བྱེད་པའི་ཐད་རང་སྡེ་མང་ཚོགས་
ཀུན་གྱི་ཡིད་བརྟན་འགོག་མེད་དུ་འཕྲོག་སྟེ་རང་འགུལ་གྱིས་འཚོ་བའི་མཐུན་རྐྱེན་དང་ཉིན་མང་པོར་དཀའ་སྡུག་ལ་མ་འཛེམས་པར་ཤུལ་གྱི་
རྙོག་རྫོབ་ཆག་གྲུམ་ཐམས་ཅད་བསལ་ནས་རྩིག་ལས་ཀྱི་མགོ་བཟུང་། དེ་ནས་གཟིམ་ཁང་གཙོས་ཇ་ཁང་དང་སྤྱི་ཁང་སོགས་སྔ་ཕྱི་བསྡོམས་པས་
ཁང་མིག་བཅོ་བརྒྱད་ཙམ་གསར་དུ་བཞེངས། རབ་བཅུ་བདུན་པའི་མགོ་ཚུགས་པའི་ཐོག་མ་མེ་ཡོས་ཕྱི་ལོ་༡༩༨༧ལོར་མཆོག་སྤྲུལ་དམ་པ་བློ་
བཟང་ལུང་རིགས་རྒྱ་མཚོས་ཐུགས་འགན་བཞེས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་གཞི་ནས་གསར་བཞེངས་བྱེད་པའི་བྱ་བ་ལས་ཀྱི་འཁོར་
ལོའི་དབུ་བཙུགས། ཁོང་གིས་མཐུན་རྐྱེན་གང་མཁོ་སྦྱར་ཏེ་ཕྱག་རྫས་གང་ཡོད་ཆུད་ཟོས་སུ་མ་བཏང་། བར་སྐབས་སུ་ལྷ་ཁང་དང་འདུ་ཁང་
གཅིག་ལྕོགས་བྱས་ཏེ་ནང་དུ་ཀ་རིང་གཉིས་ཀྱིས་བཏེགས་པའི་གྱན་བཅོ་ལྔ་ཡིན་ལ། དེ་དག་གི་བཟོ་བཀོད་ཕུན་སུམ་ཚོགས་ཤིང་ཕྱི་ནང་ཀུན་ལ་
ཚོན་རྩི་ཕུལ། སྟེང་གི་གྱོ་མོའི་རྒྱ་ཕིབས་དང་གསེར་ཟངས་ཀྱི་གཉྫི་ར་དང་ཆོས་འཁོར་རི་དྭགས་སོགས་ཀྱིས་མཛེས་པར་བརྒྱ'