|
ཤར་ལུང་ཡུལ་ཚོའི་མངའ་ཁོངས་སུ་ཡོད།
དེ་ཡང་འཕྲང་དམར་དང་དགེ་བསྙེན་བློ་བཟང་བསྟན་སྐྱོང་གི་ཕོ་བྲང་སྟེ་རྒྱབ་རི་གཉིས་འདྲེས་
མདོའི་སྨད་རྒྱུད་དུ་དཔལ་འཁོར་ལོའི་སྡོམ་པའི་རྟེན་དང་བརྟེན་པའི་གནས་ཁྱད་པར་ཅན་གོང་མོ་སླེས་ཞེས་པ་དེ་ནས་རྙེ་གྲུབ་ཆེན་པ་བློ་བཟང་
ནམ་མཁའ་རྒྱལ་མཚན་གྱིས་ད་ལྟའི་མགོན་ཁང་གི་ཤུལ་དུ་བྲག་ཕུག་གཅིག་ཡོད་པ་ལས་སྒྲུབ་པ་ཡུན་རིང་མཛད།
དེའི་སྤྲུལ་སྐུ་ངག་དབང་
བསྟན་འཛིན་ཉི་མ་རྗེ་གོང་མའི་ཚ་བོར་འཁྲུངས།
ཁོང་གིས་གནས་འདིར་སྒྲུབ་སྡེ་ལྷུན་གྲུབ་ཆོས་རྫོང་བཏབ།
དུས་ནི་རབ་འདོད་མེ་ཕག་ལོ་ཡིན།
དེའི་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ཆུ་ཁྱི་ལོར་འཁྲུངས།
སྒྲུབ་སྡེ་འདི་འཛིན་སྐྱོང་གནང་།
སྨད་རྒྱུད་ལྟར་རྡུལ་ཚོན་ལ་བརྟེན་པའི་བདེ་
གསང་འཇིགས་གསུམ་གྱི་སྒྲུབ་མཆོད།
རས་བྲིས་ལ་བརྟེན་པའི་དུས་འཁོར་སྒྲུབ་མཆོད་ངོས་གཙང་བཙུགས་པ་སོགས་སྐུ་དྲིན་ཆེ།
དེའི་སྤྲུལ་སྐུ་
དགེ་འདུན་བསྟན་པ་རབ་རྒྱས་རུ་ངན་དུ་འཁྲུངས།
སྒྲུབ་སྡེ་ལེགས་པར་བསྐྱངས་པས་དེར་བཞུགས་རྣམས་ཤིན་ཏུ་བཙུན་པ།
འདོད་ཆུང་ཆོག་
ཤེས་སོགས་ཕྱོགས་གང་ཐད་ནས་ཀུན་གྱི་སྨོན་ཡུལ་དུ་གྱུར་པ་བྱུང་།
འདི་དག་མདོ་སྨད་ཆོས་འབྱུང་དུ་གསལ། རྙེ་མཆོག་སྤྲུལ་བློ་བཟང་མཁས་
བཙུན་རྒྱལ་མཚན་ནི་སྐུ་གོང་མའི་འཁྲུངས་ཡུལ་རྐང་ཚའི་ཉ་ནག་ཏུ་ཡབ་སངས་རྒྱས་དོན་གྲུབ་དང་ཡུམ་ཆོས་དབྱིངས་སྒྲོལ་མ་གཉིས་ཀྱི་སྲས་སུ་
མེ་ཁྱི་ལོར་འཁྲུངས།
ལཱ་མོ་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་།
རྐང་ཚའི་སྟོང་དཔོན་དང་བརྒྱ་
དཔོན་གཙོས་མི་རྟ་བརྒྱ་ཕྲག་གི་སྐྱེལ་མ་དང་སྐུ་ལོ་ཐུས་པ་གཙོས་དགོན་མ་ལག་ཉེར་ལྔའི་སེར་སྐྱ་མང་ཚོགས་ཀྱི་བསུ་བ་བླ་ན་མེད་པ་མཛད་དེ་
ལྷུན་གྲུབ་ཆོས་རྫོང་དུ་འབྱོར།
ཁྲི་སྟོན་རྒྱ་ཆེར་མཛད་དེ་སྤྲུལ་སྐུ་ཉིད་སྐུ་གོང་མའི་ཁྲི་ལ་མངའ་གསོལ།
དེ་ནས་བཟུང་རྗེ་འདི་དང་རྐང་ཚའི་
དཔོན་པོ་མཁས་བཙུན་གཉིས་མཆོད་ཡོན་དུ་འབྲེལ།
གདན་ས་རང་ནས་ཨ་ཁུ་བདེ་ལེགས་དགེ་རྒན་དུ་བསྟེན་ཏེ་ཡི་གེ་འབྲི་ཀློག་དང་འདོན་
ཆོག་གི་སྐོར་རྣམས་ཞིབ་ཏུ་སྦྱངས།
ཞེས་དྲང་སྲོང་བདེན་ཚིག་གྲུབ་པའི་ཤིས་བརྗོད་དབྱངས་སུ་བསྒྲགས་པ་བཞིན་ཐུགས་ཀྱི་བུམ་པ་བཟང་པོ་ཅི་
རིགས་ཤེས་བྱའི་གཏེར་ཏུ་བསྒྲུབས་པ་དང་།
དེ་བས་སྒྲུབ་སྡེ་སྐྱེད་ཚལ་ཆེན་མོ་འདི་རབ་འདོད་མེ་ཕག་ལ་ཆགས་འདེབས་མཛད་པ་ནས་བཟུང་
ད་བར་ལོ་ངོ་ཉིས་བརྒྱ་ཉེར་དྲུག་རིང་གི་ལོ་རྒྱུས་ཡོད།
རྙེ་ལྷུན་གྲུབ་ཆོས་རྫོང་གི་བླ་མ་སྐུ་ཕྲེང་རིམ་བྱོན་ལཱ་མོ་བདེ་ཆེན་གྱི་ཆོས་གྲྭར་འགྲིམས།
རིམ་བཞིན་དེ་གའི་དཔོན་སློབ་ཀྱི་ཁྲི་བསྐྱངས་པས་ན་ལཱ་མོ་བདེ་ཆེན་གྱི་དགོན་ལག་ཉེར་ལྔའི་ཁོངས་སུ་གཏོགས།
ཡང་ཁ་ཅིག་གིས་རྙེ་དགོན་པ་
ཆགས་འདེབས་མཛད་པའི་ལོ་ནི་བླ་བྲང་བཀྲ་ཤིས་འཁྱིལ་བཏབ་པའི་ལོ་དང་མཉམ་པར་བཞེད་པ་མི་འཐད་དེ།
རྒྱུ་མཚན་ནི་བླ་བྲང་བཀྲ་ཤིས་
འཁྱིལ་ནི་རབ་ཉི་བགྲང་བྱ་ཉེར་གསུམ་པ་ས་གླང་ལོ་ལ་བཏབ་པ་དང་།
གདན་ས་དེ་ཉིད་རབ་འདོད་མེ་ཕག་ལ་སྒྲུབ་སྡེ་བཟང་བོའི་སྲོལ་བཙུགས་
ཞེས་རྙེ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་གྱིས་མཛད་པའི་བཅའ་ཡིག་ཆེན་མོ་ལས་ཁ་གསལ་ཚིག་གསལ་དུ་བྲིས་ཡོད་པའི་ཕྱིར་
རོ། །
དེ་ཡང་སྒྲུབ་སྡེ་ཆེན་མོ་འདི་ལ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་གྱི་སྐུ་རིང་ལ།
ཀ་རིང་བཞིའི་བཏེགས་པའི་འདུ་ཁང་དང་
སྤྱིལ་བུ་དྲི་གཙང་ཁང་འགའ་ཤས་བཅས་བཞེངས་གྲུབ་སྟེ།
རྭ་རྒྱའི་ཕྱག་བཞེས་ལྟར་དུས་བཟང་དང་གསོ་སྦྱོང་། དབྱར་གནས། བསྐང་ཆེན།
ལྕགས་མཁར་སོགས་ཀྱི་ཆོས་ཐོག་བཙུགས་པ་དང་། འདོན་རྟ་དབྱངས་འཐེན། ཕྱག་རྒྱ།
རོལ་མོ་འབུད་དཀྲོལ། མཆོད་པ་བཤམས་ལུགས་ཚུན་ཆད་
ཀྱི་ཕྱག་ལེན་ཐམས་ཅད་དམ་པ་ཉིད་ཀྱིས་བསླབས་ཏེ་གཞི་གསུམ་གྱི་ཕྱག་ལེན་སོགས་འདུལ་ཁྲིམས་རྣམ་པར་དག་པའི་རྒྱུན་བཙུགས་པ་ད་ལྟའི་
བར་དུ་མ་ཉམས་པར་གནས་པ་འདི་ལེགས་ཤིང་།
སྐུ་ཕྲེང་གསུམ་པ་བསྟན་པའི་རྒྱལ་མཚན་གྱི་སྐུ་རིང་ལ་རྗེ་གོང་མའི་འདུ་ཁང་རྒྱ་བསྐྱེད་དེ་ཀ་
རིང་བཞིས་བཏེགས་པའི་འདུ་ཁང་སུམ་ཐོག་ཅན་དང་གཡུ་ཐོག་ཁང་གསར་བཞེངས།
གསེར་འབའ་ཞིག་ལས་གྲུབ་པའམ་བཞེངས་པའི་སངས་
རྒྱས་སྟོང་ཐང་། རྗེ་ཙོང་ཁ་པ་ཆེན་མོའི་སྟོང་ཐང་།
མགོ་སྣམ་གྱི་ཀ་ཐུམ་ཀ་འཕན་སོགས་འཇོག་གནང་མཛད་པས་སྐུ་དྲིན་མཆོག་ཏུ་ཆེ་བ་མ་ཟད།
ད་དུང་སྨད་རྒྱུད་ལྟར་རྡུལ་ཚོན་སྟེང་ནས་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད།
རས་བྲིས་ལ་བརྟེན་ནས་དུས་འཁོར་སྒྲུབ་མཆོད་སྦྱིན་
བསྲེག་བཅས་དང་། མཆོད་པ་བྱ་བ་ཆག་མེད།
ཕྱོགས་འདུས་རི་ཁྲོད་པ་ལྔ་བརྒྱ་ཙམ་ལ་ལམ་རིམ་ཆེན་མོའི་བཤད་ལུང་གནང་།
སྐུ་ཕྲེང་བཞི་པ་
བསྟན་པ་རབ་རྒྱས་ཀྱི་དུས་སུ། ཀ་རིང་གཉིས་ཅན་གྱི་གསེར་གདུང་ཆེན་མོ་དང་།
ལི་མ་ཁང་བཞེངས་ཤིང་། སྨན་མཆོག་ཆེན་མོའི་ཆོས་ཐོག་
བཙུགས། འདོན་རྟ་དབྱངས་གསུམ་དང་རོལ་མོའི་འབུད་དཀྲོལ་གྱི་ཁྲིད་བསྩལ།
སྐུ་ཕྲེང་ལྔ་པ་འཕྲིན་ལས་རབ་རྒྱས་ཀྱི་སྐུ་དུས་ལ་གདན་ས་འདིར་
རབ་གནས་ཆེན་མོའི་ཆོས་ཐོག་བཙུགས། མགོན་ཁང་དུ་མགོན་སྐུ་ལྔའི་སྨན་སྐུ།
དམ་ཅན་གནས་ཆུང་རྒྱལ་བོའི་སྨན་སྐུ་བཅས་བཞེངས་པ་མ་ཟད་
དགོན་པའི་གཞུང་ལ་དངུལ་གྱི་རྒྱ་གླིང་ཆ་གཅིག་བཞག་སྟེ་འགྲོ་བའི་བསོད་ནམས་གསོག་པའི་ཞིང་དུ་བསྐྲུན།
གཞན་ཡང་གནས་ས་ལྷུན་གྲུབ་
ཆོས་རྫོང་འདིར་རྙེའི་བླ་བྲང་དང་ལཱ་མོ་གསེར་ཁྲིའི་བླ་བྲང་།
མར་གའི་སྐུ་ཕྱོགས་ཀྱི་བླ་བྲང་བཅས་གསུམ་ཡོད་ཅིང་།
དེ་དག་གི་བཟོ་བཀོད་ཁྱད་
དུ་འཕགས་ཤིང་སྐུ་གསུང་ཐུགས་རྟེན་ཡང་བགྲང་ལས་འདས་པ་ཞིག་ཡོད་པས་དཀར་ཆག་གྱི་སྐབས་སུ་རིམ་བཞིན་བརྗོད་པར་བྱའོ།
།
འདུ་ཁང་གི་སྟེང་ན་གསེར་ཟངས་ལས་གྲུབ་པའི་གསེར་ཏོག་ཆོས་འཁོར་རྒྱལ་མཚན་རི་དྭགས་ཕོ་མོ་སྤེན་རྒྱན་སོགས་མཛེས་སྡུག་གི་འོད་
འབར་བཞིན་ཡོད།
དེའི་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ་འདུ་ཁང་སྟེང་གི་གཡུ་ཏོག་ཁང་གི་དཀྱིལ་གྱན་དུ་ཚེ་དཔག་མེད།
འཇིགས་བྱེད་ལྷ་བཅུ་
གསུམ་པ། ཐུགས་རྗེ་ཆེན་པོའི་སྟོང་སྐུ། གཡས་སུ་བདེ་གསང་འཇིགས་གསུམ།
དུས་འཁོར། སྨོན་ལམ་རྣམ་ལྔ། སྨན་ཐུང་། རྣམ་འཇོམས། མདོ་
གདུགས་སྒྲོལ་གསུམ། རྒྱལ་མཚན་རྩེ་མོ།
གཙང་རྟགས་རིགས་རླུང་རྟ་བཅས་ཀྱི་དཔར་ཤིང་བཞུགས།
གཡོན་དུ་བཀའ་འགྱུར་ཆ་ཚང་། ཟངས་ལི་
ཏིང་ཕོར་བདུན་ཚར་རེ་བཞུགས། འདུ་ཁང་གི་མགོན་ཁང་དུ་འཇིགས་བྱེད། ཆོས་རྒྱལ།
ཁྲོ་བོ་བཅུའི་ཞལ་ཐང་དང་སྤྱན་རས་གཟིགས་ཀྱི་ལྡེབས་
རིས། རབ་གསལ་དུ་སངས་རྒྱས་སྟོང་ཐང་།
གདུགས་དཀར་ཕྱག་སྟོང་སྤྱན་སྟོང་གི་ཐང་ཆེན་བཅས་བཞུགས་པ་ལས་གཞན་མཆོད་རྫས་རྩ་ཆེན་དུ་
མ་ཡོད་སྐད། འདུ་ཁང་འོག་ཆའི་དཀྱིལ་གྱན་དུ་སྟོན་པ་གཙོ་འཁོར་གསུམ།
གཡས་ཀྱི་ཀུན་དགའ་ར་བ་ན་རྙེ་སྒོམ་ཆེན་གྱི་སྐུ་གདུང་མཆོད་རྟེན།
བདེ་གསང་འཇིགས་གསུམ་དང་བདེ་མཆོག་དཀར་པོའི་སྨན་སྐུ།
བྱམས་པ་ཆུ་གཟིགས་མ་ཁྲུ་གང་། གནས་བརྟན་བཅུ་དྲུག་དང་འཇིགས་བྱེད།
གསང་འདུས། མི་འཁྲུགས་པ། ཀུན་རིག་བཅས་ཀྱི་གྱན་ཐང་།
གཡོན་གྱི་ཀུན་དགའ་ར་བ་ན་བྱང་ཆུབ་མཆོད་རྟེན། བསྟན་པའི་རྒྱལ་མཚན་གྱི་
སྨན་སྐུ། ཐུའུ་བཀྭན་གསུང་འབུམ། འཇིགས་མེད་དབང་བོའི་གསུང་འབུམ།
ཡུམ་དུམ་པ་བཅུ་གཉིས་གསེར་བྲིས་མ། ཏིང་འཕགས་སྐལ་གསུམ་
དངུལ་བྲིས་མ། ལམ་རིམ་དང་སྔགས་རིམ་ཆེན་མོ།
འཇམ་དབྱངས་བཞད་པའི་གསུང་འབུམ་བཅས་བཞུགས། །
ཕྱི་ལོ་༡༩༨༠ལོའི་སྟོན་ཁར་སྲིད་གཞུང་གི་ཆོག་མཆན་གནང་།
གདན་ས་འདི་ཉིད་ཀྱི་རྟེན་དང་བརྟེན་པ་གསར་སྐྲུན་དང་འགྲིག་ལམ་
ཉམས་གསོ།
ཆོས་ཐོག་རྣམས་སྔར་གི་ཕྱག་སྲོལ་ལྟར་ཇེ་བཟང་ཇེ་ལེགས་སུ་བཏང་བ་ནི་བླ་མ་དམ་པའི་ཐུགས་རྗེ་ཁོ་ན་ཡིན།
ལྷག་པར་དུ་ད་ལྟའི་
གྲྭ་གཞོན་རྣམས་ཀྱིས་ངལ་བ་རྒྱབ་ཏུ་བསྒྱུར་ཏེ་ཧུར་བརྩོན་ལྡབ་བསྐྱེད་ཀྱིས་སོ་ཕག་ཁུར་ལེན་དང་ཤིང་ཆ་སྐྱེལ་འདྲེན།
ཨར་ལར་བཟོ་བསྐྲུན་གྱི་
ལས་ཁུར་ལྗིད་མོ་བགྱིས་པས་བླ་མས་བསྔགས་བརྗོད་ཆེ།
ལོ་དེར་འདུ་ཁང་གསར་བཞེངས་ཀྱི་རྟེན་འབྲེལ་ལ་དད་གཏོང་ཆེ་བ་མཚོ་སྔོན་པོའི་ཉེ་
འགྲམ་གྱི་ཆོས་ཚ་སྡེ་བས་འདུ་ཁང་སྟེང་དུ་གསེར་ཏོག ཆོས་འཁོར།
རི་དྭགས་ཕོ་མོ། རྒྱལ་མཚན་བཅས་དང་། གཙུག་ལག་ཁང་གི་གསེར་ཚོན།
ཁྱམས་ར་ཞིག་གསོའི་འགྲོ་གྲོན། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་ཕུལ།
རྗེ་བླ་མའི་ཐུགས་བཀོད་ལྟར་ཀུན་དགའ་ར་བ་དང་མཆོད་ཁྲི།
གྲལ་སྟེགས། མཆོད་སྒམ། མཆོད་རྫས་སོགས་བཞེངས།
གསར་ཏུ་བཞེངས་པའི་ལྷ་རྟེན་གྱི་སྐོར་ལ།
འདུ་ཁང་གི་དབུས་སུ་བླ་མཆོད་ཚོགས་ཞིང་ཁྲི་
ཆེན་རྒྱབ་ཡོལ་དང་བཅས།
ཀུན་དགའ་ར་བར་སྟོན་པའི་ལི་སྐུ་ཆེ་བ་གཅིག་རྙེ་སྒོམ་ཆེན་པའི་སྐུ་གདུང་མཆོད་རྟེན་དངུལ་ལས་བཟོས་པའི་བསྟན་
པའི་རྒྱལ་མཚན་གྱི་སྐུ་གདུང་མཆོད་རྟེན། གཞན་ལི་སྐུ་བཅོ་ལྔ།
རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཡུམ་དུམ་པ་བཅུ་གཉིས། འཇིགས་མེད་
བསམ་གཏན་གྱི་གསུང་འབུམ། རྙེ་ཐམས་ཅད་མཁྱེན་པའི་གསུང་འབུམ།
སྨན་བླ་བདེ་གཤེགས་བརྒྱད་ཀྱི་གྱན་ཐང་། བཅུ་གཅིག་ཞལ་གྱི་གྱན་
ཐང་།
གཡས་ནས་རིམ་བཞིན་དུ་རྙེ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་གྱི་སྐུ་གདུང་མཆོད་རྟེན།
རས་ཐང་ལ་བླ་མཆོད་ཚོགས་ཞིང་།
སྐྱབས་འགྲོའི་ཚོགས་ཞིང་། གནས་བསྟན་བཅུ་དྲུག སྟོན་པ་གཙོ་འཁོར་གསུམ།
རྒྱལ་ཆེན་བཞི། དུས་འཁོར་ཞལ་ཐང་། བཅུ་གཅིག་ཞལ་གྱི་ཞལ་
ཐང་། ལྷ་སའི་དགའ་ལྡན་ནས་ཞུས་པའི་སྲོང་བཙན་སྒམ་པོའི་ཞལ་ཐང་།
འཇིགས་བྱེད་ཀྱི་གྱན་ཐང་། ལྟུང་བཤགས་ལྷ་སོ་ལྔའི་གྱན་ཐང་། འདུ་
ཁང་སྒོ་ཆེན་གྱི་གཡས་གཡོན་དུ་རྒྱལ་ཆེན་བཞི།
མགོན་ཁང་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་མགོན་ཆོས་ལྷ་ལྔ།
དམ་ཆེན་གནས་ཆུང་གཉིས་
ཀྱི་ཞལ་ཐང་།
སྤྱན་རས་གཟིགས་ལྡེབས་རིས་དང་སྙན་དར་བཅས་མཆོད་རྫས་གང་མང་བཞུགས། ། |