¡¡

༄༅། །རྐང་ཚ་གོང་མའི་དགོན་དར་རྒྱས་ཆོས་འཕེལ་གླིང་།

   འཕྲང་དམར་ཡུལ་ཚོའི་རྐང་ཚ་ཚོ་དྲུག་གི་ཁོངས་སུ་ཡོད་ལ་གྲུབ་མཐའ་ནི་རི་བོ་དགེ་ལུགས་པ་ཡིན། སྒྲུབ་སྡེ་འདི་ཐོག་མར་རབ་བྱུང་བཅུ་
གསུམ་པའི་ནང་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོས་བཏབ་པར་བཤད། སྐབས་དེར་དགོན་པའི་མཚན་ལ་བསམ་གཏན་ཆོས་
གླིང་ཟེར། གནས་ཡུལ་ནི་རྐང་ཚའི་ཆུ་མ་ཐང་ས་མཐོ་ཟེར་བའི་སར་ཡོད་ལ་གནས་དེར་རྩྭ་ས་དང་ཞིང་ས་ལ་བདག་གཉེར་བྱས་ཏེ། ད་ལྟ་ས་མིང་
ལ་སྒར་ཞིང་གོང་འོག་ཅེས་ཆགས་འདུག ཕྱིས་སུ་རྐུན་ཇག་གི་འཕྲོག་བཅོམ་ཐེངས་འགར་བྱུང་བས་དགོན་གནས་གཏོང་དགོས་བྱུང་། དེ་ནས་
ཆོས་ཐོག་གི་དུས་ཚིགས་རྣམས་སུ་གྱོ་མགོ་ནང་ཟེར་བའི་སར་སྦྲ་གུར་ཕུབས་ནས་འཚོགས། མིང་ལ་རྐང་ཚའི་སྤྱི་བ་ཞེས་ཟེར། དེ་ནས་ཐིས་པ་
དགོན་པའི་བླ་མ་ཨ་ལགས་ཀུན་བཟང་ཚང་གིས་གྲུབ་དབང་ཀརྨ་པའི་བཞུགས་ཁྲི་ཡོད་སར་སྒར་བཏབ་སྟེ་གཟིམ་ཁང་དང་མཆོད་ཁང་སོགས་
གསར་བཞེངས་བྱས། རྐང་ཚ་གོང་ཞོལ་གྱི་གྲྭ་པ་རྣམས་ཀྱང་དེར་འདུས་ནས་གཞི་བཟུང་། ཡུལ་དེར་ཡང་ཡུན་རིང་སྡོད་མ་ནུས་པར་ཕྱིར་ལོག་
དགོས་བྱུང་། དེའི་རྗེས་སུ་གྲྭ་པ་རྣམས་རྒྱལ་རོལ་གཞུང་གི་ད་སྐབས་ལྔ་མཆོད་གད་པ་ཟེར་སར་ཆོས་ཐོག་བཙུགས་པས་ས་མིང་ཡང་དེ་ལྟར་
ཐོགས། དེ་ནས་རབ་རྒྱལ་ས་སྟག་ཕྱི་ལོ་༡༩༣༨ལོར་གཡེར་གཤོང་མཁན་པོ་ངག་དབང་བློ་བཟང་རྒྱ་མཚོས་འཛིན་བདག་མཛད་དེ་རྟེའུ་དབུས་
ཐང་དུ་དགོན་པ་གསར་འདེབས་གནང་། དགོན་པའི་མཚན་ལ་དར་རྒྱས་ཆོས་འཕེལ་གླིང་ཞེས་གསོལ། དེ་ནས་སྐུ་དབོན་དར་རྒྱས་ཀྱིས་འགན་
ཁུར་ཏེ་མཁན་པོའི་བླ་བྲང་དང་མཆོད་ཁང་གཙོས་གྲྭ་ཤག་བཅུ་གཉིས་གསར་ཏུ་བཟོས་པ་དང་། སྔར་གྱི་གྲྭ་བའི་རྨང་བཞིའི་སྟེང་གྲྭ་ཤག་བཅུ་
གཉིས་གསར་དུ་བསྡུས་ཏེ་གྲྭ་གྲངས་ཉི་ཤུ་ལྷག་འདུས། འདུལ་ཁྲིམས་དག་ཐེར་བྱས་ཏེ་རབ་རྒྱལ་ལྕགས་སྦྲུལ་ཕྱི་ལོ་༡༩༤༡ལོ་ནས་བཟུང་གཞི་
གསུམ་གྱི་ཕྱག་ལེན་ངོས་གཙང་བཙུགས་ཏེ་བརྩེ་བས་བསྐྱངས། ཀུན་རིག་གྱི་སྒྲུབ་མཆོད་ཀྱི་ཆོ་ག་ཕྱག་ལེན་ཕྱག་རྒྱ་དང་བཅས་པ་བསླབས་ནས་ཟླ་
གསུམ་པར་ཀུན་རིག་སྒྲུབ་མཆོད་ཆོས་ཐོག་བཙུགས། ཟླ་བཞི་བར་སྨྱུང་གནས་དང་བཅུ་བར་ལྔ་མཆོད་སོགས་སྔར་སྲོལ་བཞིན་བཙུགས་ཏེ་རིམ་
བཞིན་བསྐྱངས། གནས་འདིར་ཡང་ཆུ་དཀོན་པ་སོགས་ཀྱི་རྐྱེན་ལས་གནས་མ་ཐུབ་པར་རབ་རྒྱལ་ལྕགས་ཡོས་ལོར་དམ་པ་འདི་ཉིད་ཀྱི་ཐུགས་
བཀོད་བཞིན། ད་ལྟའི་གནས་རྡེའུ་འབུམ་ཁྲ་རིས་སུ་སྤོས་ནས་མཁན་པོའི་བླ་བྲང་སོགས་གྲྭ་ཤག་བཅུ་བདུན་གསར་དུ་ལས་ནས། གྲྭ་པ་སུམ་ཅུ་
ལྷག་གིས་ཐུགས་མཐུན་ཁྲིམས་གཙང་ངོས་རབ་རྒྱལ་ས་ཁྱི་ལོའི་བར་རྒྱུན་ཆགས་སུ་གནས། མཁན་པོ་འདི་བ་སྐུ་ཕྲེང་དྲུག་ཙམ་སོང་ཡོད་ལ་སྐུ་
ཕྲེང་དང་པོ་རྗེ་འཇམ་དབྱངས་གྲགས་པ། གཉིས་པ་དགེ་འདུན་བསྟན་པ་རབ་རྒྱས། གསུམ་པ་ཐུབ་བསྟན་རྣམ་རྒྱལ། བཞི་པ་འཇིགས་མེད་ཕུལ་
བྱུང་། ལྔ་པ་སྒྲུབ་སྡེ་འདི་འདེབས་སྐྱོང་མཛད་པ་པོ་འདི་བ་ཡིན། ཁོང་ནི་རབ་ཚེས་ཆུ་རྟ་ལོར་གཉན་ཆེན་སེ་ཀུའི་རྫ་འདབས་ཤ་སྦྲང་ཚུ་རིགས་ཚོ་
བར་འཁྲུངས། དགུང་ལོ་ལྔའི་སྟེང་གདན་སར་བཀོད། བིས་མདོ་དགོན་ཆེན་དུ་ཆོས་གྲྭར་ཞུགས་ནས་གསན་སྦྱོང་མཛད། ཕྱིས་སུ་ཞྭ་དམར་པཎྜི་ཏ་
དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་གྲུབ་དབང་འཇིགས་མེད་རིན་པོ་ཆེ། བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་བླ་མར་
བསྟེན་ནས་དབང་ཁྲིད་མན་ངག་མཐའ་དག་ལེགས་པར་གསན། རབ་རྒྱལ་མེ་བྱི་ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་
ཀྱི་ཉི་མ་སྐུ་འབུམ་བྱམས་པ་གླིང་དུ་གསེར་ཞལ་བསྒྱུར་སྐབས། འདི་བར་ཐུགས་བརྩེ་ཆེན་པོ་གནང་ནས་ནོམ་ཆུ་མཁན་པོ་ངག་དབང་ཕུན་ཚོགས་
ཞེས་བཀའ་ལུང་གསེར་གྱི་མེ་ཏོག་གི་ཆོ་ལོ་དང་། བཀའ་ཤོག་དང་དབུ་ཞྭ་སོགས་མཁན་ཆས་ཆ་ཚང་གནང་། འདི་གར་དཔལ་དུས་ཀྱི་འཁོར་
ལོའི་དབང་ཆེན་གནང་སྐབས། འདི་བས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་མཎྜལ་བཤད་པ་སྐལ་ལྡན་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་
ཅེས་བྱ་བ་ཕུལ་བས། དེང་དུས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་འདི་འདྲ་དཀོན་ཚོད་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེ་ནས་ཁྲི་
ཀའི་ཕྱོགས་སུ་ཕེབས་ནས་འཕྲང་དམར་གྱི་འབྲོག་ཁུལ་སོ་སོ་དང་། རྐང་ཚའི་ས་ཁུལ་འདིར་ཡུན་རིང་བཞུགས་ཤིང་སྔ་ཕྱི་དུས་ཀྱི་འཁོར་ལོའི་
དབང་ཆེན་ལན་གཉིས་དང་སེམས་བསྐྱེད་མཆོད་པ་སོགས་བཀའ་ཆོས་མང་དུ་གནང་། སྐབས་དེར་རྐང་ཚའི་དཔོན་པོ་གཙོ་བྱས་རྒན་གྲས་
རྣམས་དང་རྐང་ཚའི་སྤྱི་བའི་གྲྭ་རྒན་རྣམས་གཅིག་མཐུན་སྒོས། རྐང་ཚ་སྤྱིའི་དགོན་མགོ་ཕུལ་བ་བདག་གིར་བཞེས་ཏེ་རིམ་བཞིན་བསྐྱངས། དེ་
ནས་དགུང་ལོ་དོན་གཅིག་པ་ཆུ་འབྲུག་ལོར་ལྷ་སར་ཕེབས་ནས་གདན་ས་གསུམ་དང་འཕགས་ཡུལ་གྱི་གནས་ཆེན་དུ་མར་མཇལ། ཕྱིར་ཕེབས་
ལམ་དུ་རྒྱལ་རྩེར་དགོངས་པ་རྫོགས། སྐུ་གདུང་ཤ་སྦྲང་དགོན་དུ་བཞུགས། དགོན་པ་འདིར་འདུ་ཁང་དང་ལྷ་རྟེན་མཆོད་ཆས་དང་མཆོད་རྫས་
སོགས་མ་ཚང་བ་མེད་པར་ཆོས་སྤྱོད་བཅུའི་བྱ་བར་བརྩོན་བཞིན་པའི་སྐབས་ཤིག་ཏུ། ང་བརྒྱད་དང་རིག་གསར་གྱི་རླུང་འཚུབ་ལངས་ཏེ་མིང་གི་
ལྷག་མ་ཙམ་དུ་གྱུར།
  དེ་ནས་རབ་རྒྱལ་ཤིང་བྱི་སྟེ་ཕྱི་ལོ་༡༩༨༤ལོར་ཆོས་དད་མང་ཚོགས་ཀྱིས་རང་འགུལ་སྒོས་དགོན་པ་སླར་གསོ་བྱེད་པའི་དབུ་བརྩམས། སྐུ་
དབོན་དར་རྒྱས་ཀྱིས་ཐུགས་ཁུར་ཚད་མེད་གནང་ནས་རབ་རྒྱན་མེ་ཡོས་ལོར་འདུ་ཁང་གི་རྩིག་བཏིང་། ས་འབྲུག་ལོའི་ཟླ་བདུན་པའི་ཚེས་བརྒྱད་
ཉིན་གོང་ནས་ཆོག་མཆན་ཐོབ་སྟེ་ཆོས་སྒོ་ཕྱེ། མཁན་པོ་སྐུ་ཕྲེང་དྲུག་པ་ཐུབ་བསྟན་རྒྱ་མཚོ་སྐུ་དངོས་ཕེབས་ཏེ་དགའ་སྟོན་རྟེན་འབྲེལ་བསྒྲིགས།
མཁན་པོའི་བླ་བྲང་དང་གྲྭ་ཤག་བཅུ་གསུམ་ཙམ་རིམ་གྱིས་གྲུབ། ས་སྦྲུལ་ལོར་འདུ་ཁང་གྱན་ལྔ་ཅན་བཟོ་བཀོད་ཕུན་སུམ་ཚོགས་པ་ལེགས་གྲུབ་
བྱུང་ནས། ཕྱི་ལོར་གསེར་ཚོན་ཕུལ། ད་ལྟ་གྲྭ་པ་རྣམས་འདོད་ཆུང་ཆོག་ཤེས་སྒོས་སྔོན་སྲོལ་རྣམས་ཉམས་གསོ་བྱེད་བཞིན་པའི་སྐབས་ལགས་སོ། །