¡¡

༄༅། །སེར་ཀྱཱའི་སྔགས་ཁང་གསང་སྔགས་དར་རྒྱས་གླིང་།

   ཤར་ལུང་ཡུལ་ཚོ་སེར་ཀྱཱའི་གྲོང་ཚོའི་ནང་དུ་ཡོད་ལ། སྔགས་ཁང་འདི་ཐོག་མར་ད་ལྟའི་སྒང་མཐའ་ཚོ་བའི་གོང་དུ་ཏིང་ཀྱཱ་བླ་མ་ཀུན་
བཟང་སྙན་གྲགས་རྒྱ་མཚོས་རབ་བྱུང་བཅུ་གསུམ་པའི་སྟོད་ཕྱི་ལོ་༡༧༤༧ནས་༡༧༦༧ལོ་ཙམ་ལ་གཞི་གསར་དུ་བཏིངས། དེ་དུས་སུ་སྔགས་ཁང་
གྱན་དགུ་ཅན་གྱི་ནང་དུ་དུས་གསུམ་སངས་རྒྱས་དང་། སློབ་དཔོན་རིན་པོ་ཆེ་དང་སྨན་བླའི་འབག་སྐུ་བཅས་ཡོད་པ་དང་། སྔགས་ཁང་གི་ཉེ་
འགྲམ་དུ་ལྷོག་རྒྱའི་མགོན་ཁང་། དེའི་ནང་དུ་མགོན་པོ་ཚོགས་བདག་གི་སྐུ་བརྙན་གཙོས་རྟེན་སྣ་བྱིན་ཅན་མང་པོ་བཞུགས། སྐབས་དེར་སྔགས་
པ་ཧ་ཅང་དར་རྒྱས་ཆེ་ནའང་ཕྱིས་སུ་སྔགས་ཁང་དེ་སེར་ཀྱཱའི་གྲྭ་ཚང་བཀྲ་ཤིས་དགེ་འཕེལ་གླིང་ལ་ཕུལ་ནས་ལེགས་ཉེས་བླང་དོར་ལ་རྣམ་
དཔྱོད་ཡངས་པའི་སྔགས་པ་བཅུ་ཕྲག་གཅིག་ལྷག་བཞུགས། དཀའ་ཚེགས་ཀྱི་ཁྲོད་དུའང་རྒྱུན་ཆད་མ་མྱོང་བའི་ཆོས་ཐོག་གི་སྐོར་ནི། ལོ་རེར་
བཞི་པའི་སྨྱུང་གནས། ཕུར་བའི་ཆོ་ག རྟ་མགྲིན་ཡང་གསང་དང་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོ་ག ཟླ་རེའི་ཚེས་བཅུའི་ཚོགས་བདག་
རྣམས་ཀྱི་ཕྱག་ལེན་སོགས་ཏིང་ཀྱཱ་དགོན་པ་ཇི་ལྟ་བ་བཞིན་ཡིན། འོན་ཀྱང་ང་བརྒྱད་དང་རིག་གསར་གྱི་མེ་ལྕེ་ཡིས་མ་རེག་པའི་རིན་ཐང་ཅན་
གྱི་དངོས་པོ་ནི་ཡངས་པའི་གངས་ལྗོངས་འདི་ན་སྲིད་མཐའ་ཙམ་མོ། དེའི་ཕྱིར་སྔོན་གྱི་སྔགས་ཁང་གི་གཞི་དེ་ཡང་ཞིང་སར་གྱུར་ནས་ལྷ་ཁང་
ཞེས་པའི་མིང་ཙམ་ལས་ལུས་མེད་དོ། །
  ད་ལྟའི་རྣམ་པ་ནི། ཆོས་དད་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་རྗེས་རང་སའི་ཆོས་དད་མང་ཚོགས་ཀྱིས་རང་འགུལ་སྒོས། རབ་བྱུང་
རྒྱལ་ཤིང་གླང་ཕྱི་ལོ་༡༩༨༥ལོར་སྔགས་ཁང་གྱན་དགུ་ཅན། ནང་དུ་མཁན་སློབ་ཆོས་གསུམ་ཁྱད་འཕགས་གསར་བཞེངས་བྱས་ནས་སྔར་སྲོལ་
རྣམས་ཉམས་པ་མེད་པར་རྒྱུན་བསྐྱངས། རབ་རྒྱན་ས་འབྲུག་ཕྱི་ལོ་༡༩༨༨ལོའི་ཟླ་བརྒྱད་པའི་ཚེས་༡༩ཉིན་གསང་སྔགས་དར་རྒྱས་གླིང་འདི་ཆོས་
ལུགས་བྱ་འགུལ་སྤེལ་ས་ཞིག་ཏུ་ངོས་ལེན་བྱས་ཐོག ད་ལྟ་སྔགས་པ་བཅུ་གཉིས་ལྷག་ཡོད་པ་རྣམས་རང་ཁྱིམ་ནས་སོ་ནམ་གྱི་ཞོར་དུ་རྣམ་དཀར་
གྱི་ལས་ལ་ཆུ་བོའི་རྒྱུན་བཞིན་གཞོལ་བ་འདི་ལགས་སོ། །