|
ཁོར་ཡུག་ཀུན་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མས་མཛེས་པའི་གནས་རི་གླང་ཆེན་འཕྲེད་ལ་ཉལ་འདྲའི་སྒང་གི་འདབས་ན་ཡོད།
དེ་ཡང་
ཐོག་མར་ཆོས་སྡེ་འདི་འདེབས་པ་པོ་སོགས་ཀྱི་ལོ་རྒྱུས་འགོད་པ་ལ།
སྡེ་འདི་འདེབས་པ་པོ་ནི་མཁས་ཤིང་གྲུབ་པའི་བླ་མ་དཀའ་བཅུ་པ་ཆེན་པོ་
རྭ་ཟ་སྐུ་གོང་མ་ངག་དབང་དགེ་ལེགས་རྒྱ་མཚོ་ཡིན་ལ།
ཁོང་ནི་རབ་བྱུང་བཅུ་གཉིས་པའི་ནང་ལན་གྲོའི་རྭ་ཟ་ཚང་དུ་སྐུ་འཁྲུངས།
སྔོན་གོམས་
དགེ་བའི་བག་ཆགས་བརྟས་པའི་མཐུས་རབ་ཏུ་བྱུང་།
ཆོས་ཀྱི་ཕྱིར་ལུས་སྲོག་ལ་མི་ལྟོས་པར་ལྷ་ལྡན་འབྲས་སྤུངས་སྒོ་མངས་གྲྭ་ཚང་དུ་ཕེབས་ཏེ།
བསམ་སྦྱོར་དག་པས་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་མཐར་ཕྱིན་
པ་མཛད་དེ་མཁས་ཤིང་གྲུབ་པར་གྱུར། ཕྱིས་རང་ཡུལ་དུ་ཕེབས་ནས།
ད་ལྟའི་དགོན་པ་འདི་ཉིད་ཐོག་མར་རྭ་ཟའི་གྲམ་པའི་ཕ་གའི་དགའ་རི་
དུང་སྙིང་ཟེར་བའི་སར་བཏབ། ཆུ་དགྲའི་གནོད་པ་ཐེངས་འགར་ཐེབས་རྐྱེན།
ཤ་རྒྱའི་རྒྱ་རིལ་སྣ་ཁ་ད་ལྟའི་སྔགས་ཁང་གི་གནས་མལ་དུ་དགོན་
གནས་སྤོས་ཤིང་སྐལ་བ་དང་ལྡན་པ་རྣམས་ལ་ཆོས་ཀྱི་དགའ་སྟོན་འགྱེད་བཞིན་བཞུགས་སོ།
།
སྐུ་ཕྲེང་གཉིས་པ་རྭ་ཟ་ཏཱ་བླ་མ་ཡོད་ཏན་རྒྱ་མཚོ་ནི།
མང་བྱ་རྫོང་བྱ་ཁོག་བླ་བྲང་དུ་རབ་འདོད་ཆུ་ཡོས་ལ་ཡབ་མགོན་པོ་དང་ཡུམ་ལུ་གུ་
གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་འཁྲུངས།
ལཱ་མོ་བདེ་ཆེན་དུ་སློབ་གཉེར་མཛད་དེ་རྣམ་བཤད་དགོངས་པ་རབ་གསལ་འཛིན་
སྐྱོར་གནང་།
དེ་གའི་ཁྲིར་བཞུགས་ནས་བརྩི་བཞག་ཐུགས་ཐོག་ནས་གནང་བ་སོགས་སྐྱོང་ཁུར་ལེགས་པར་བཤད།
རང་གི་དགོན་པ་དང་ལྷ་ཁང་
རང་བབས་སུ་བཞག་སྟེ་གྲྭ་གཙང་བདུན་ཙམ་ཞབས་ཞུར་ཁྲིད་ནས།
སྲིན་པོ་རྫ་རིའི་འདབས་ཚར་ལུང་སྒྲུབ་ཕུག་ཏུ་སྐྱབས་རྗེ་གསེར་ཁང་བ་བློ་
བཟང་བསྟན་འཛིན་རྒྱ་མཚོ་བཞུགས་པའི་དྲུང་དུ་ཕེབས།
ཕྱིས་རྭ་ཟ་གོང་མས་བཏབ་པའི་དགོན་པ་འདི་གྲོང་དང་འདབས་འབྲེལ་དུ་ཡོད་པས་
མི་ལེགས་དགོངས་ནས་ད་ལྟའི་དགོན་གནས་རང་དུ་སྤོས་ཤིང་ལེགས་པར་བསྐྱངས།
བར་སྐབས་ཤིག་རྐུན་མ་ཉེས་ཅན་འགའི་རྐྱེན་བྱས། རྒྱ་
དམག་གིས་གཅན་ཚ་རྫོང་གི་ལོ་རྡོ་རྗེ་བྲག་ལ་མེ་མཆོད་དང།
དེ་མཚུངས་སུ་ལཱ་མོ་བདེ་ཆེན་དང་མགུར་དགོན་གཉིས་གཏོར་ཐག་ཆོད་དུས། ལཱ་
མོ་ཞབས་དྲུང་སྤྲུལ་སྐུ་དང་གསེར་ཁྲི་རྣམ་པ་གཉིས་རང་དགོན་དུ་བཞུགས་མ་ཐུབ་པར་བྱོལ་སྐབས།
བླ་མ་འདི་བས་མི་འཇིགས་གོ་ཆ་བརྟན་པོ་
བགོས་ཤིང་བླ་ན་མེད་པའི་ཐུགས་སྟོབས་བསྐྱེད་དེ།
རྒྱ་དཔོན་ལ་ཞུ་མཁས་དང་དངོས་པོའི་འགྲོ་སྒོ་བཏང་བས།
དགོན་པ་སྔར་བཞིན་གནས་ཐུབ་
པ་བྱུང་བས་བཀའ་དྲིན་ཆེའོ། །
སྐུ་ཕྲེང་གསུམ་པ།
རྭ་ཟ་རི་ཁྲོད་པ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ནི་རབ་ཡིད་ནང་མང་བྱ་རྫོང་བདུད་ཤུལ་གློའུ་ཚང་དུ་འཁྲུངས།
ཚུལ་
ཁྲིམས་རྣམ་པར་དག་ཅིང་ཐུགས་རྒྱུད་ཞི་ཞིང་དུལ།
སྐུ་ཚེ་སྨད་དུ་ཁྲི་ཀའི་རི་ཁྲོད་པའི་གྲས་སུ་ཞུགས་ནས་ཉམས་ལེན་གཙོར་བཟུང་སྟེ་ཚེ་དང་
སྒྲུབ་པ་སྙོམས་པར་མཛད། །
སྐུ་ཕྲེང་བཞི་བ།
རབ་ཚེས་ཤིང་སྟག་ཕྱི་ལོ་༡༩༡༤ལོར་མང་བྱ་རྫོང་བདུད་ཤུལ་གློའུ་ཚང་དུ་འཁྲུངས།
ཁོང་ཐུགས་རྒྱུད་དྲང་ཞིང་གཞན་ཕན་
ཁོ་ནར་གཞོལ་བའི་སྐྱེ་བུ་དམ་པ་ཞིག་ཡིན་མོད།
འོན་ཀྱང་སྐབས་དེའི་རྐྱེན་དབང་གིས་རང་དགོན་དུ་བཞུགས་མ་ཐུབ་པར་ཕྱིར་རང་ཡུལ་དུ་
ཕེབས།
རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོར་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་མཛད།
ཆོས་སྲིད་ལུགས་གཉིས་ཀྱིས་རྣམ་པར་མཐོ་བའི་སྐུ་
གཞོགས་ཇ་སག་སྐུ་ཕྲེང་གཉིས་བཞུགས་ཤིང་སྐུ་ཕྲེང་སྔ་ཕྱི་གཉིས་ཀ་མཚོ་སྔོན་པོའི་ཆོས་ཚ་རུ་འཁྲུངས།
བླ་བྲང་དང་ཞིང་ས་འགའ་རེ་ཡང་
ཡོད། །
ལུང་རྟོགས་ཡོན་ཏན་ནོར་བུའི་མཛོད་ལ་མངའ་བརྙེས་པའི་ཨ་ལགས་ཤེས་རབ་ནི།
གཅན་ཚའི་རྔ་མོ་རུ་འཁྲུངས། ལཱ་མོ་བདེ་ཆེན་དུ་སློབ་
གཉེར་དང་བདེ་ཆེན་སློབ་ཆུང་གི་སློབ་རྟགས་བཞེས།
བྱ་བཏང་རི་ཁྲོད་པའི་བླ་མའང་ཡིན།
བྱམས་སྙིང་རྗེས་ཐུགས་རྒྱུད་ཡོངས་སུ་བརླན་པའི་
ཆོས་པ་རྣམ་དག་ཅིག་ཡིན་པས་སྙན་གྲགས་ཤིན་ཏུ་ཆེ།
སྐབས་དེར་དགོན་མ་ལག་ཉེར་ལྔའི་གྲྭ་པ་མང་ཆེ་བས་ཁོང་གི་མདུན་ནས་རབ་བྱུང་
བསྙེན་རྫོགས་བསྒྲུབས། སྐུ་གདུང་སྦྱིན་བསྲེག་ཞུས་རྗེས།
ཐུགས་ལྗགས་སྤྱན་གསུམ་མེ་ལྷས་མ་བཞེས་པར་རང་བབས་སུ་བྱུང་།
འདི་བའི་སྐུ་ཕྲེང་
གོང་མ་ཤེས་རབ་ཆོས་ཀྱི་རྒྱ་མཚོ་ནི་རབ་འདོད་ས་སྦྲུལ་ཕྱི་ལོ་༡༧༤༩ལོར་འཁྲུངས་ཤིང་།
གཤོང་སྨོན་བཀྲ་ཤིས་འཁྱིལ་དུ་བཞུགས། རྗེ་ཞྭ་དམར་
པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་རོང་བོ་བདེ་ཆེན་ཆོས་འཁོར་གླིང་ནས་ཁྲི་ཀའི་ཕྱོགས་སུ་ཆིབས་བསྒྱུར་མཛད་སྐབས་གཤོང་སྨོན་
བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ།
རྗེ་འདིའི་ཞལ་ལས་རྙེ་དཔོན་སློབ་པའི་རྣམ་ཐར་ཐར་ཤུལ་རིན་པོ་ཆེས་མཛད་པའི་ལུང་དང་།
སྲད་རྒྱུད་བླ་མའི་
རྣལ་འབྱོར་དོན་རྒྱུད་ལ་སྦྱར་ནས་དགུང་ལོ་མཐོན་པོར་བཞུགས་སོ། །
མ་གཅིག་ལབ་ཀྱི་སྒྲོན་མའི་རྣམ་སྤྲུལ་ཀུན་སྤངས་སེམས་དཔའ་ཆེན་མོ་ཨ་ལགས་རྒྱུད་དཀར་རིན་པོ་ཆེ་ནི།
རབ་བྱུང་བཅོ་ལྔའི་ནང་གཅན་
ཚའི་རྐང་མོ་རུ་འཁྲུངས། ཆུང་དུས་ནས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས།
ཨ་ལགས་ཤེས་རབ་ཆོས་ཀྱི་རྒྱ་མཚོ་རིགས་ཀྱི་ཅོད་པན་དུ་བཀུར།
གཞུང་ལུགས་ཀྱི་དོན་ལ་ཐོས་བསམ་རྣལ་མར་མཛད། ཆུ་མིག་བརྒྱ་རྩ་འགྲིམ།
འདོད་ཆུང་ཆོག་ཤེས་དང་ཞི་དུལ་བག་ཡོད་ཀྱི་སྒོ་ནས་ཚེ་དང་སྒྲུབ་
པ་སྙོམས་པར་མཛད། །
ལུང་རྟོགས་ཡོན་ཏན་ནོར་བུའི་མཛོད་ལ་མངའ་བརྙེས་པའི་ཨ་ལགས་ཤེས་རབ་ཀྱི་མཆོག་སྤྲུལ་ཨ་ལགས་དགེ་འདུན་ཤེས་རབ་ཆོས་ཀྱི་རྒྱ་
མཚོ་མཆོག་ནི།
རབ་རྒྱལ་ཤིང་བྱ་ཕྱི་ལོ་༡༩༤༥ལོར་ཡབ་གཅོད་པ་ཐར་དང་ཡུམ་མགོན་མོ་སྐྱིད་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་པར་
གཅན་ཚའི་རྐང་མོ་རུ་འཁྲུངས།
ཐར་ཤུལ་རྡོ་རྗེ་འཆང་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་མཆོག་གིས་ཨ་ལགས་ཤེས་རབ་ཀྱི་ཡང་སྲིད་དུ་
ངོས་འཛིན་གནང་།
དགུང་ལོ་ལྔ་བཞེས་དུས་འདི་གའི་དགོན་དུ་ཡབ་རྗེ་དམ་པའི་ཁྲི་ལ་མངའ་གསོལ་ཞིང་།
ངེས་དོན་དགེ་བའི་བཤེས་གཉེན་རྭ་
ཟའི་ཨ་ཁུ་ཕུན་ཚོགས་རིན་པོ་ཆེ་དང་།
སེ་ཀྱཱའི་དགེ་བཤེས་ངག་དབང་ཚུལ་ཁྲིམས་གཉིས་ཀྱིས་ཚོགས་གླེང་མཛད་དེ་ཆོས་དོན་གཟབ་རྒྱས་གནང་
སྐབས་བར་སྣང་དུ་འཇའ་གོར་ཤར་བ་སོགས་ངོ་མཚར་བའི་ལྟས་བྱུང་།
མ་གཅིག་ལབ་སྒྲོན་གྱི་རྣམ་སྤྲུལ། ཀུན་སྤངས་སེམས་དཔའ་ཆེན་མོ་ཨ་
ལགས་རྒྱུད་དཀར་རིན་པོ་ཆེ་སྦྱོར་ཀློག་གི་དགེ་རྒན་དུ་བཀུར་ནས།
བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ནས་བཟུང་འདོན་ཆོས་སྤྱོད་ཀྱི་རིམ་པ་མ་
ལུས་ཐུགས་སུ་ཆུད་པར་མཛད། དགུང་ལོ་བདུན་ལ་ཕེབས་དུས།
ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་བསངས་
ཁོག་ཨ་ཁུ་འཇིགས་མེད་རིན་པོ་ཆེ་ལས་རབ་ཏུ་བྱུང་།
དགུང་ལོ་དགུའི་དུས་ལ་ལཱ་མོ་བདེ་ཆེན་གྱི་ཚོགས་གྲལ་དུ་ཞུགས།
སྐུ་གཞོགས་སྒར་བའི་
ཡོངས་འཛིན་ཨ་ཁུ་བློ་བཟང་བསྟན་པ་དང་བསངས་ཁོག་ཨ་ཁུ་འཇིགས་མེད་རིན་པོ་ཆེ།
ལཱ་མོ་གསེར་ཁྲི། ཞབས་དྲུང་དཀར་པོ་རྣམ་པ་བཞིས་
བདེ་ཆེན་དཔོན་སློབ་ཀྱི་གོ་གནང་།
དེ་གར་ལོ་གསུམ་རིང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཨ་ཁུ་བློ་བཟང་བསྟན་པ་རིགས་ཀྱི་ཅོད་པན་དུ་
བཀུར་ནས་མཚན་ཉིད་ལ་སྦྱངས་ཤིང་།
ཉིན་རེར་ཤོག་ལྷེབ་སྣ་རིང་བདུན་རེ་ཐུགས་འཛིན་ནུས་པས་མཁྱེན་རབ་ཀྱི་རྩལ་ཆེ་བར་གྲགས།
ལྷག་
པར་དུ་རྒྱན་འཇུག་གཉིས་དང་བྱམས་ཆོས་སྡེ་ལྔ་སོགས་ཐུགས་འཛིན་གནང་ནས།
དེ་གར་ལོ་མང་པོའི་རིང་གཞུང་རྒྱུགས་སྤྲོད་པའི་རྒྱུན་ཆད་པ་
སླར་ཡང་སྲོལ་བཙུགས།
ལཱ་མོ་གསེར་ཁྲིས་སྤྱིར་མདོ་སྔགས་རིག་གནས་ཡོངས་རྫོགས་དང་ནང་སྒོས་སུ་གཞུང་བཀའ་པོད་ལྔ་ཐུགས་སུ་ཆུད་པའི་
རྟེན་འབྲེལ་དུ་དགོངས་ནས་སིལ་ཏོག་སྣ་ལྔ་དང་རྗེ་ཡབ་སྲས་གསུམ་གྱི་ཐང་ག
གཟན་ཤམ་ཁ་ཚང་དང་མཛོད་དར་སྲིད་དུ་རིང་བ་གཅིག དགེ་
བའི་བཤེས་གཉེན་ཨ་ཁུ་བློ་བཟང་བསྟན་པས་བསྐལ་བཟང་གི་དཔེ་ཆ་ཚར་གཅིག
གཡོགས་གོས་སེར་པོ་ཡིན་པའི་ཚར་ཐུལ། བ་སོའི་ཕྱག་ཕྲེང་།
ལྷ་རྫས་སྲིད་དུ་རིང་བ་གཅིག སྐུ་གཞོགས་སྒར་བས་སིལ་ཏོག་སྣ་ལྔ་དང་།
སྟོན་སྐུ་གཅིག དངུལ་སྒོར་བརྒྱ། དུས་ཚོད་སྤུས་ལྡན་ཞིག མཛོད་དར་
སྲིད་དུ་རིང་བ་གཅིག་དང་བཅས་སྐྱེས་གནང་ནས་ཚད་མཐོན་པོས་བསྔགས་བརྗོད་མཛད།
དགུང་ལོ་བཅུ་གཉིས་བཞེས་དུས་ཆོས་སྡེ་ཆེན་པོ་བླ་
བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཚོགས་གྲལ་དུ་ཞུགས་ཏེ་གཞུང་རྒྱུགས་ཆེན་མོ་སྤྲད།
དགུང་ལོ་བཅུ་གསུམ་བཞེས་དུས་རབ་རྒྱལ་མེ་བྱ་ཕྱི་ལོ་
༡༩༥༧ལོའི་ཟླ་བརྒྱད་པའི་ནང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ཏེ་ལོ་གསུམ་རིང་སློབ་གཉེར་མཛད།
དེ་ནས་དབྱར་གནང་སྐབས་
གོང་རིམ་ལ་གནང་བ་ཞུས་ཏེ་རང་ཡུལ་ལ་ཕེབས།
ཕྱིར་བྱོན་པའི་དགོངས་འདུན་བརྟན་པོ་ཡོད་ཀྱང་།
སྐབས་དེའི་རྐྱེན་དབང་གིས་དམེ་ཀྱཱ་རུ་མི་
བཞུགས་ཀ་མེད་བྱུང་། དབང་ལུང་རྗེས་གསུམ་ཐོབ་ཚུལ་ནི།
ཡོངས་འཛིན་རྒྱུད་དཀར་རིན་པོ་ཆེ་ལས་ཐུགས་རྗེ་ཆེན་པོ་དང་། དགོན་ཆོས་ལྔ།
གཅོད་དབང་བཅས་ཐོབ་ཅིང་ཆུ་མིག་རྒྱ་རྩ་འགྲིམ།
བསངས་ཁོག་ཨ་ཁུ་འཇིགས་མེད་རིན་པོ་ཆེ་ལས། མི་ཏྲ་བརྒྱ་རྩ།
བདེ་གསང་འཇིགས་གསུམ།
རྟ་མགྲིན་སོགས་ཀྱི་དབང་ཐོབ། བླ་བྲང་ཨ་ཁུ་ར་ཕྲུག་ཚང་ལས་སྐྱབས་འགྲོ་དང་།
དགའ་ལྡན་ལྷ་བརྒྱ་མ། མདོ་གདུགས་སྒྲོལ་གསུམ། རྡོ་རྗེ་གཅོད་
པ། ཚེ་མདོ། ཐར་མདོ་སོགས་ཀྱི་ལུང་ཐོབ།
མདོ་གདུགས་སྒྲོལ་གསུམ་གང་སེར་མའི་ལུང་ཐོབ།
ཡོངས་འཛིན་རིན་པོ་ཆེ་ལས་དུས་འཁོར་དབང་
ཆེན་ཐོབ་པ་སོགས་དབང་ལུང་མང་དུ་གསན།
རབ་རྒྱན་ལྕགས་རྟ་ཕྱི་ལོ་༡༩༩༠ལོར་ཁྲི་ཀ་རྫོང་སྲིད་གྲོས་ལྷན་ཚོགས་ཀྱི་གྲས་སུ་ཞུགས་ནས་དབུ་
བཞུགས་གཞོན་པའི་འགན་བཞེས་ཏེ་ཆོས་སྲིད་ཀྱི་བྱ་བ་བསྒྲུབས།
རབ་རྒྱན་ཤིང་ཕག་ཕྱི་ལོ་༡༩༩༥ལོར་རྭ་ཟ་བསམ་གཏན་ཆོས་གླིང་གི་དགོན་
མགོ་དང་ནེའུ་ལུང་བོན་རྒྱ་སྐེ་སྡེ་བའི་མ་ཎི་ཁང་ཆེན་པོ་ཞིག
ད་ལྟའང་རྫོང་སྲིད་གྲོས་ཀྱི་དབུ་བཞུགས་གཞོན་པའི་འགན་བཞེས་ཏེ་ཁྲི་ཀའི་
དགོན་པ་སོ་སོའི་ལོ་རྒྱུས་བསྡུ་སྒྲིག་དང་རྩྭ་ས་རྩོད་གླེང་བསྡུམས་པ་སོགས་མཛད་འཕྲིན་སྐྱོང་བཞིན་པ་འདི་ལགས་སོ།
།
ངེས་དོན་དགེ་བའི་བཤེས་གཉེན་ཆེན་མོ་རྭ་ཟའི་ཨ་ཁུ་ཕུན་ཚོགས་རིན་པོ་ཆེ་ནི་རབ་ཚེས་མེ་སྤྲེལ་ཕྱི་ལོ་༡༨༩༦ལོར་ལན་གྲོའི་རྭ་ཟ་ཚང་དུ་
ཡབ་ཚེ་དབང་དང་ཡུམ་མ་མ་དགེའི་སྲས་སུ་སྐུ་འཁྲུངས།
སྲས་གཅིག་མ་གཏོགས་མེད་ཀྱང་སྐུ་ན་ཕྲ་མོའི་དུས་ནས་འདི་གའི་དགོན་དུ་སངས་
རྒྱས་བསྟན་པའི་སྒོར་ཞུགས།
དགུང་ལོ་བཅུ་བདུན་བཞེས་དུས་འདོན་ཆོས་སྤྱོད་ཀྱི་རིམ་པ་མ་ལུས་ཐུགས་སུ་ཆུད་དེ་དབུ་མཛད་གནང་།
དགུང་
ལོ་བཅོ་བརྒྱད་ལ་ཕེབས་དུས། ལྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཚོགས་ཞུགས་གནང་།
རྗེ་ཞྭ་དམར་རིན་པོ་ཆེ་དང་ལྔ་རིག་སྨྲ་བའི་དབང་བོ་ཨ་ཁུ་ལྷ་
སྡེ་སོགས་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་དག་པས་བསྟེན་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་དེ་
དགེ་བཤེས་ཀྱི་མཚན་རྟགས་བླངས།
གློའུ་དགོན་པས་མཚན་ཉིད་ཀྱི་དགེ་རྒན་དུ་གདན་དྲངས་པ་ལྟར་ཕེབས།
ཕྱིས་རང་དགོན་དུ་ཕེབས་ནས་
དགུང་ལོ་ལྔ་བཅུའི་ཡས་མས་སུ་འཇིགས་བྱེད་བསྙེན་ཆེན་གྱི་མཚམས་ལ་བཞུགས་ཏེ་སྦྱིན་བསྲེག་རྒྱ་ཆེན་པོ་བླུགས།
ཨ་ལགས་ཇ་སག་ཚང་གིས་
ཞུས་པའི་ངོར་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་གནང་།
དངུལ་སྒོར་སུམ་བརྒྱས་ཏིང་ཕོར་ཆིག་སྟོང་གསར་དུ་བླུས། རྗེ་རིན་པོ་ཆེའི་
འབུམ་ཁང་བཞེངས།
ལོ་བཅུའི་གོད་ཆག་ནང་དུའང་རྭ་ཟའི་སྙིང་བྱམས་རྒྱལ་ཚང་གི་ཁང་ཀླད་གྱན་མིག་ཆུང་ངུ་ཞིག་ཏུ་པཎ་ཆེན་བདེ་ལམ་
ཞལ་འདོན་སོགས་སྒྲུབ་པ་ཉམས་ལེན་ལ་གཞོལ་ནས་བདེ་བར་བཞུགས།
ཁོང་ལ་སློབ་མ་ལྔ་རིག་སྨྲ་བའི་དབང་བོ་ཨ་ལགས་གྲགས་པ་དང། ཨ་ཁུ་
བྱམས་པ་འཕྲིན་ལས་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་།
རབ་རྒྱལ་ལྕགས་སྤྲེལ་ཕྱི་ལོ་༡༩༨༠ལོའི་དང་པོའི་དཀར་ཕྱོགས་སྟོང་བ་གསུམ་པའི་
ཉིན་གུང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།
སྐུ་གདུང་སྦྱིན་བསྲེག་སྐབས་ནམ་མཁར་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་
ལྟས་མང་པོ་ཀུན་གྱིས་མཐོང་ངོ་། །
སྐུ་ཞོག་མཁར་སྔོན་རིན་པོ་ཆེ་འཇིགས་མེད་ཤེས་རབ་རྒྱ་མཚོ་ཡང་དགུང་ལོ་ཆུང་དུས་འདི་གའི་དགོན་དུ་བཞུགས།
ད་ལྟ་ཡང་འདུལ་བ་
འཛིན་པ་ཆེན་པོ་ཨ་ཁུ་བློ་ལྡན་རྒྱ་མཚོ་བཞུགས་ལ།
ཁོང་ནི་སེ་ཀྱཱའི་དམོད་སྡུད་ནས་རབ་རྒྱལ་ཆུ་སྤྲེལ་ཕྱི་ལོ་༡༩༣༢ལོར་འཁྲུངས།
སྐུ་ན་ཕྲ་མོའི་
དུས་ནས་སེ་ཀྱཱའི་དགོན་དུ་རབ་ཏུ་བྱུང་།
དེ་གའི་འདོན་ཆོས་སྤྱོད་ཀྱི་རིམ་པ་མ་ལུས་ཐུགས་སུ་ཆུད།
ལོ་བཅུའི་གོད་ཆག་ནང་དུའང་གསང་
སྟབས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་སྲུང་བའི་སྒོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་དགེ་འདུན་རྒྱ་
མཚོ་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ནས་གཞུང་ལུགས་ཀྱི་དོན་ལ་ཐོས་བསམ་རྣལ་མར་མཛད་ཅིང་འདུལ་བ་མདོ་རྩ་བློ་རྒྱུགས་སྤྲད་
པས་པཎ་ཆེན་རིན་པོ་ཆེས་ཨང་དང་པོའི་དགའ་རྟགས་གནང་།
ཕྱིས་འདི་གར་ཕེབས་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་མང་པོར་རབ་བྱུང་
བསྙེན་རྫོགས་ཀྱི་སྡོམ་པ་གནང་ཞིང་།
ཐོས་དོན་རྒྱུད་ལ་སྦྱར་ནས་སྒོ་གསུམ་གྱི་བྱ་བ་ཐམས་ཅད་བསྟན་འགྲོའི་དོན་ལ་སྨིན་པ་ཁོ་ནར་གཞོལ་
བཞིན་གདའོ། །
ཆོས་སྡེ་འདི་ཉིད་ཇི་ལྟར་བཏབ་ཚུལ་དངོས།
དེ་ཡང་བླ་མ་བཀའ་བཅུ་པ་ཆེན་མོ་རྭ་ཟ་ངག་དབང་དགེ་ལེགས་རྒྱ་མཚོ་དཔལ་བཟང་བོས་
སྤྱིར་སའི་རྡུལ་དང་མཚུངས་པའི་འགྲོ་བ་མ་ལུས་ཚོགས་གཉིས་སྒེག་མོར་མཛའ་བ་བརྟན་པའི་སླད་དང་ཡང་སྙིང་ལན་གྲོ་ཞོལ་མའི་ཀ་རྒྱ་དང་
རྭ་ཟ།
ཤ་རྒྱ་བཅས་གྲོང་ཚོ་འདི་གསུམ་གྱི་ཤི་གསོན་ཐམས་ཅད་ཀྱིས་ཚོགས་གསོག་སྒྲིབ་སྦྱོང་ལ་མཆོད་གནས་དགེ་འདུན་གྱི་སྡེ་ཞིག་ངེས་པར་
མཁོ་བར་དགོངས་ནས། རབ་ཉིའི་སྨད་དུ།
རྭ་ཟའི་གྲམ་པའི་ཕ་གའི་དགའ་རི་དུང་སྙིང་ཟེར་བའི་སར་འདུ་ཁང་གྱན་སུམ་ཅུ་ཅན་དང་བྱམས་
ཁང་གྱན་ལྔ་བཞེངས་ཏེ་དགོན་གཞི་གསར་དུ་བཏིང་ནས་མཚན་ལ་རྭ་ཟ་དགོན་བསམ་གཏན་ཆོས་གླིང་བཏགས།
གྲྭ་པ་ཉེར་ལྔ་འདུས་ཤིང་གྲྭ་
ཤག་བཅུ་གཅིག་ལ་བུད་པ་སོགས་དགེ་སྦྱོར་རྣམ་པར་འཕེལ་ན་ཡང།
ཆུ་དགྲའི་གནོད་པ་ཐེངས་འགར་ཐེབས་པའི་རྐྱེན་བྱས་ད་ལྟ་སྔགས་ཁང་
གནས་པའི་ཤ་རྒྱའི་རྒྱ་རིལ་སྣ་ཁ་ཞེས་པར་དགོན་གནས་སྤོས། །
རབ་ཡིད་ཀྱི་སྟོད་དུ་རྭ་ཟའི་ཏཱ་བླ་མ་ཡོན་ཏན་རྒྱ་མཚོ་མཆོག་གིས་དགོན་པ་གྲོང་དང་ཐག་ཉེ་ན་ཤིན་ཏུ་མི་ལེགས་དགོངས།
ཇི་སྐད་དུ།
ལང་ཚོའི་རྒྱན་ནི་ཐོས་པ་དང་། ཐོས་པའི་རྒྱན་ནི་ཞི་བ་དང་།
ཞི་བའི་རྒྱན་ནི་དབེན་པའོ་ཞེས་དབེན་པའི་ཡོན་ཏན་ལ་བསྔགས་པ་ལྟར་གྲུབ་པའི་
དབང་ཕྱུག་ཆེན་པོ་རྗེ་བཙུན་དུང་རྣ་བ་མཆོག་གིས་དགོན་ས་གསར་དུ་བཙལ་ཏེ་འབུམ་ཁང་སྐེ་ཟེར་བར་སྤོས་ཤིང་བྱིན་གྱིས་བརླབས།
ཀ་རིང་
བཞི་དང་ལྡན་ཞིང་སྟེང་ཤོད་གཉིས་ལ་བསྡོམས་པ་གྱན་ལྔ་བཅུ་ཅན་གྱི་འདུ་ཁང་དང་གྱན་བཅུ་ལྡན་པའི་བྱམས་ཁང་སོགས་རྒྱལ་བའི་རྟེན་དང་
བརྟེན་པ་བཞེངས་ཏེ་སྐྱབས་རྗེ་གསར་ཁང་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རབ་གནས་མཛད།
དམ་པ་འདི་བའི་ཉམས་བཞེས་ལྟར་སྨན་
བླའི་ཕྱག་མཆོད་དང་བཅས་ཉིན་རེར་ཏིང་ཕོར་སྟོང་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པར་དྭངས་བསིལ་ཡོན་ཆབ་འབུལ་བའི་སྲོལ་
གསར་དུ་བཙུགས་པ་ད་ལྟའང་མ་ཉམས་པར་གནས།
ཀུན་འཇིགས་གཉིས་ཀྱི་བདག་འཇུག་གཙོ་བོར་བྱེད་པ་དང་ར་རྒྱ་དགོན་པའི་ཕྱག་ལེན་
ལྟར་གཞི་གསུམ་གྱི་ཕྱག་ལེན་ངོས་གཙང་བ་བཙུགས།
སྐུ་ཕྲེང་འདི་ཉིད་ཀྱི་ཐུགས་རྒྱུད་ཤིན་ཏུ་ཚ་བས་འགྲིག་ཁྲིམས་ཤིན་ཏུ་དམ་སྟེ།
སྐབས་དེར་
གྲྭ་གཙང་བཞི་བཅུ་ཙམ་ཚོགས་པའང་གྲོང་དུ་གཏན་ནས་སོང་མི་ཆོག་ཅིང་ཕ་མ་ན་ཤི་ལྟ་བུའི་དོན་གལ་ཆེན་ལ་དགོངས་པ་ཞུས་ཏེ་སོང་ཡང་
ཞག་སྡོད་གཏན་ནས་བྱས་མི་ཆོག
འདུ་ཁང་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་སོགས་ཀྱི་སྐོར་ལ་བླ་མཆོད་ཚོགས་ཞིང་གི་གཙོས་གྱན་ཐང་
ཉེར་བཞི་དང།
སངས་རྒྱས་དང་རྗེ་རིན་པོ་ཆེའི་འཁྲུངས་རབས་དང་ལྷ་མོ་དམག་ཟོར་རྒྱལ་མོ་དང་།
རྗེ་གསེར་ཁང་བ་བཅས་ཀྱི་ཐང་ག་ཆུང་ངུ་
སུམ་ཅུ་ལྷག སྨན་བླ་དང་ཀུན་རིག ཐུགས་རྗེ་ཆེན་པོ།
མི་འཁྲུགས་པ་བཅས་ཀྱི་དཀྱིལ་འཁོར། རྗེ་བཙུན་བྱམས་མགོན། རྗེ་ཡབ་སྲས་གསུམ།
ཇོ་
འབྲོམ་ཡབ་སྲས་བཅས་ཀྱི་འབག་སྐུ།
རྒྱུ་ཙན་དན་ལས་བྱས་པའི་གནས་བརྟན་བཅུ་དྲུག་གི་ཤིང་སྐུ།
སྐུ་ཞོག་རྭ་ཟ་སྐུ་ཕྲེང་གསུམ་གྱི་སྐུ་གདུང་། སྐུ་
ཞོག་སྒོ་མངས་རིན་པོ་ཆེའི་སྐུ་གདུང་། རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གཉིས།
རྗེ་གསུང་འབུམ་ཚར་གཅིག་ལ་སོགས་པ་ལྷ་མིའི་བསོད་ནམས་
གསོག་པའི་རྟེན་དུ་ལེགས་པར་བཞུགས།
མཆོད་ཆའི་སྐོར་ལ་བལ་བོའི་ཤང་ཞེས་གྲགས་པའི་སྦུབས་ཆ་ཉེར་ལྔ།
སིལ་སྙན་གསུམ། རྒྱ་གླིང་ཆ་བཞི།
དུང་ཆེན་བཞི། དངུལ་གྱི་སྤོས་ཕོར་ཆ་གསུམ། ཟངས་གླིང་ཆ་གསུམ།
ཏིང་ཕོར་སྟོང་ལྔ། མཆོད་ཀོང་སྟོང་གཅིག མཚན་ཐུབ་སུམ་ཅུ། ཚེ་འབར་
གཅིག དགང་གཟར་ལྔ་ཡོད་དོ། །
བྱམས་ཁང་དུ།
རྒྱལ་བ་བྱམས་པ་གཙོས་སྐུ་གསུང་ཐུགས་རྟེན་མང་ཙམ་བཞུགས།
འདུ་ཁང་གི་རི་དྭགས་ཕོ་མོ་ཆོས་འཁོར་དང་བཅས་པ་ནི།
སྐུ་ཞོག་མཁར་སྔོན་འཇིགས་མེད་ཤེས་རབ་རྒྱ་མཚོའི་སྐུ་གོང་མ་མཆོག་གི་ཡབ་ཀྱི་ཉ་ཚར་འདོན་པའི་ཨ་མཆོད་གྲགས་པས་རྒྱ་ནག་ནས་གདན་
དྲངས་ཏེ་གསར་དུ་བརྗེས་པས་ནམ་ཡང་མདོག་མི་འགྱུར་ཞིང་འོད་འཚེར་བ་ལ་སོགས་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནོ།
ཆོས་ཐོག་གི་རིམ་
པ་ནི། ཟླ་དང་པོར་ཆོ་འཕྲུལ་སྨོན་ལམ་ཉིན་བརྒྱད་དང་།
ཟླ་བ་གཉིས་པར་མགོན་པོའི་གཏོར་སྒྲུབ་སྦྱིན་བསྲེག་དང་བཅས་ཉིན་བདུན།
ཟླ་བཞི་
བར་རྡུལ་ཚོན་ལ་བརྟེན་པའི་ཀུན་རིག་སྒྲུབ་མཆོད་སྦྱིན་བསྲེག་སྨྱུང་གནས་དང་བཅས་ཉིན་དགུ།
ཟླ་བདུན་པའི་ཚེས་བཅོ་ལྔ་ནས་བརྒྱད་པའི་
ཚེས་གཅིག་བར་དབྱར་གནས།
ཟླ་དགུ་བར་རྟ་མགྲིན་གསང་སྒྲུབ་ཀྱི་གཏོར་བཟློག་སྦྱིན་བསྲེག་དང་བཅས་ཉིན་བདུན།
ལྔ་མཆོད་ནང་མགོན་
ཆོས་རྣམ་ལྔའི་བསྐང་བཤགས་བཟློག་གསུམ་བཅས་ཉིན་ལྔ།
མ་ཎི་རིལ་སྒྲུབ་ཉིན་དྲུག་ལ་ཚོགས་དགོས་ཤིང་།
རྒྱུན་དུ་འདོན་པའི་གཙོ་བོ་ཀུན་
རིག་དང་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཡིན།
དགོན་པའི་གྲྭ་བའི་འཚོ་རྟེན་ལ་ས་ཞིང་མུའུ་ཉིས་བརྒྱ་ཙམ་ཡོད་པ་ལས།
ས་བོན་བཏབ་པའི་མང་
ཉུང་ལྟར་ལོ་ཐོག་བསྡུས་ཏེ་ཁ་གསོ་བཞིན་མཆིས།
དེ་ལྟར་དགོན་པ་འདི་ཉིད་རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོའི་བར་དར་ཞིང་རྒྱས་སོ།
།
ཉམས་པ་སླར་གསོ་བྱས་པའི་ཚུལ་ནི། དེ་ཡང་རབ་རྒྱལ་ས་ལུག་ཕྱི་ལོ་༡༩༧༦ལོ་ནས།
ཆོས་དད་རང་མོས་ཀྱི་གྲུ་ཆར་དགུང་ནས་ལེགས་པར་
བབས་ཏེ།
རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡང་བསྐྱར་དར་བའི་སྨྱུ་གུ་གསར་དུ་འབུས་པའི་སྐབས་དང་བསྟུན།
འཇམ་མགོན་རྒྱལ་བ་གཉིས་པ་
དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་པའི་དུས་ཚེས་དགེ་བར།
དགོན་འདིའི་འདུ་ཁང་གི་ཤུལ་དུ། ཚོགས་སྦ་ཆུང་ངུ་ཞིག་གི་ནང་ཚུལ་ཁྲིམས་
རྣམ་པར་དག་པའི་དགེ་འདུན་ཀུན་བཟང་མགོན་གྱིས་བླ་མ་རྡོ་རྗེ་འཛིན་པ་དང་།
ལུགས་གཉིས་ལ་འཇུག་པའི་རྣམ་དཔྱོད་ཡངས་པ་དགེ་
འདུན་བསྟན་པས་དབུ་མཛད་གནང་སྟེ། ཡེ་ཤེས་རྒྱ་མཚོ། དགེ་འདུན་སྙན་གྲགས།
དགེ་འདུན་མཁས་བཙུན། དགེ་འདུན་ཆོས་འབྱོར། དགེ་
འདུན་དཔལ་འབྱོར། གཡང་ཐར་བཅས་གྲྭ་པ་དགུས། འཕགས་པ་གནས་བཅུ་དང་།
སྐྱབས་འགྲོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་གསུངས་ནས་
དགེ་ལྡན་ལྔ་མཆོད་ཆེན་མོ་གསར་དུ་བཙུགས་པའི་རྟེན་འབྲེལ་བསྒྲིགས།
ཟླ་བཅུ་གཅིག་པར་མཆོད་ཁང་གྱན་གསུམ་བཞེངས་ནས་ལེགས་པར་
གྲུབ་སྟེ།
དྲག་པོ་ལྕགས་སྤྲེལ་ཕྱི་ལོ་༡༩༨༠ལོའི་འཆར་ཅན་ཆོ་འཕྲུལ་སྨོན་ལམ་དེའི་ནང་དུ་ཚོགས་ཏེ་དགོན་གཞི་གསར་དུ་བཟུང་།
ལོ་དེར་བླ་མ་
རྡོ་རྗེ་འཛིན་པ་ཆེན་པོ་དགེ་འདུན་ཀུན་བཟང་མཆོག་གིས་འཕགས་པ་གནས་བརྟན་བཅུ་དྲུག་གི་གྱན་ཐང་བཞེངས་པ་མ་ཟད།
ལྷ་ས་ནས་སིལ་
སྙན་ཞིག་བླུས་ནས་དགོན་པའི་གཞུང་དུ་བཞག་པ་དང་།
ཡེ་ཤེས་རྒྱ་མཚོ་སོགས་གྲྭ་པ་དགུ་པོས་རྒྱུ་ཟངས་ལས་བྱས་པའི་སྟོན་པ་གཙོ་འཁོར་
གསུམ། ཟངས་ཀྱི་ཏིང་ཕོར་བརྒྱ། མཚན་ཐུབ་བཅུ། ཟངས་རྐོང་པད་འདབ་ཅན་སུམ་ཅུ།
སྦུབས་ཆ་གཅིག དུང་ཆེན་ཆ་གཅིག རྒྱ་གླིང་ཆ་གཅིག་
བཅས་བླུས་ཏེ་དགོན་པ་གཞུང་ལ་བཞག ལྕགས་བྱ་ཕྱི་ལོ་༡༩༨༡ལོར།
དགེ་འདུན་ཀུན་བཟང་མཆོག་གིས་སྡེ་འདིའི་སྲུང་མའི་གཙོ་བོ་དཔལ་ལྡན་
དམག་ཟོར་རྒྱལ་མོའི་ཞལ་ཐང་གཅིག་དང་། ཞལ་དར་དྲུག་དགོན་པ་གཞུང་ལ་བཞག
དགེ་འདུན་ཆོས་འབྱོར་གྱིས་ཞལ་དར་དྲག་པོ་དེ་ལ་ཁ་ཊཾ་
བརྡུངས་ཤིང་། དགེ་འདུན་སྙན་གྲགས་ཀྱིས་ཐོད་སྐམ་བཞེངས་པ་དང་།
དགེ་འདུན་འབྱུང་གནས་ཀྱིས་ཐིག་ནག་སྤྲད། ཆུ་ཁྱི་ཕྱི་ལོ་༡༩༨༢ལོར་
དགོན་པ་གཞུང་གིས་དབང་ཆོས་བརྒྱད་བཟོས་ནས་ལེགས་གྲུབ་བྱུང་།
ཤིང་བྱི་ཕྱི་ལོ་༡༩༨༤ལོའི་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་ལཱན་རྒྱོ་ཞོལ་
མའི་ཚོ་བ་གསུམ་པའི་ཆོས་དད་མང་ཚོགས་རང་འགུལ་གྱིས་འདུས་ཏེ་སྨྱུང་གནས་སྲུང་བའི་སྐབས།
དགེ་འདུན་བསྟན་པ་མཆོག་གིས་འདུ་ཁང་
གསར་དུ་བཞེངས་དགོས་པའི་གྲོས་གཞི་བཏོན་པར།
ཚེས་ཉེར་ལྔ་ཉིན་ཚོ་བ་གསུམ་པོའི་རྒན་གྲས་ཚོགས་ཏེ་འདུ་ཁང་བཞེངས་པར་གྲོས་མཐུན་
བྱུང་ནས། ཀ་རྒྱའི་བསོད་ནམས་རྒྱལ་དང་། བློ་བཟང་། བླ་མ་ཚེ་རིང་།
པདྨ་སྐྱབས། རྡོ་རྗེ་འབུམ་བཅས་མི་ལྔ་དང་། རྭ་ཟ་ནས་སྙིང་གར་རྒྱལ་དང་།
ཇོ་ཚེ། མཁར་བྱམས་རྒྱལ་ཆུང་བ། མེ་རི་འབུམ། དཔལ་བྷེ་བཅས་མི་ལྔ་དང་།
ཤ་རྒྱ་ནས་ཐུན་ཙི་པའོ་དང་། རྡོ་རྗེ། བུ་ཆུང་ཐར། བསོད་ནམས་རྒྱལ།
སྟོབས་ལྡན་རྒྱལ་བཅས་མི་ལྔ་སྟེ།
གྲོང་ཚོ་གསུམ་པོ་ནས་བསྡོམས་མི་བཅོ་ལྔ་འདུ་ཁང་གསར་དུ་བཞེངས་པའི་མགོ་བར་བསྐོས།
།
ཤིང་གླང་ཕྱི་ལོ་༡༩༨༥ལོའི་ལོ་གསར་ནང་། ཀ་རྒྱ་ནས་དཀོན་མཆོག་བསྟན་དར་དང་།
འཇམ་དབྱངས་བསྟན་དར། རྭ་ཟ་ནས་བློ་བཟང་
བསྟན་དར་བཅས་གྲྭ་པ་དྲུག་གློའུ་དགོན་པའི་ཨ་ལགས་ཆོས་རྗེ་རིན་པོ་ཆེ་འཇམ་དབྱངས་བསྟན་དར་གྱི་དྲུང་ནས་རབ་ཏུ་བྱུང་སྟེ་སངས་རྒྱས་ཀྱི་
བསྟན་སྒོར་ཞུགས་ཤིང་། འཆར་ཆེན་ཆོ་འཕྲུལ་སྨོན་ལམ་ནང་ཚོགས་ཞུགས་མཛད།
ཟླ་བ་གསུམ་པ་ནས་བཟུང་ལོ་སྔོན་མའི་འཆར་གཞི་ལྟར་གྲོང་
ཚོ་གསུམ་པོའི་རྒན་གྲས་མི་བཅོ་ལྔས་འགན་བཞེས་ཏེ།
རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་སྔར་གྱི་འདུ་ཁང་གི་རྣམ་པ་
དང་ཆེ་ཆུང་ཇི་ལྟ་བུ་ཞིག་བཞེངས་མགོ་བརྩམས་ཏེ་ལེགས་པར་གྲུབ།
འདུ་ཁང་གི་གསེར་ཏོག་རིན་པོ་ཆེ་ནི། སྐུ་ཞོག་རྭ་ཟ་སྐུ་ཕྲེང་བཞི་པའི་ཕྱག་
ཡུལ་གྱི་གློའུ་གནམ་ལྷ་ཐར་གྱིས་བླུས་པ་དང་།
ཆོས་འཁོར་རི་དྭགས་ཕོ་མོ་དང་བཅས་པ་སྐུ་ཞོག་ཇ་སག་རིན་པོ་ཆེའི་ཕྱག་ཡུལ་གྱི་ཡུལ་དཔལ་
ལྡན་ཟེར་བས་བླུས་ནས་བཞག་པ་ཡིན།
ཨ་ལགས་དགེ་འདུན་ཤེས་རབ་ཆོས་ཀྱི་རྒྱ་མཚོས་བཀའ་འགྱུར་བླུ་བའི་ཐེབས་སུ་སྒོར་སུམ་སྟོང་དང་རྒྱལ་
མཚན་ཆེ་བ་ཞིག་གི་ཐེབས་སུ་སྒོར་ཆིག་སྟོང་ཕུལ།
ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་འདུ་ཁང་བཞེངས་པའི་གྲུབ་སྟོན་རྒྱ་ཆེན་པོ་བྱས།
།
རབ་རྒྱན་མེ་ཡོས་ཕྱི་ལོ་༡༩༨༧ལོར་སྐུ་ཞོག་མཁར་སྔོན་རིན་པོ་ཆེ་འཇིགས་མེད་ཤེས་རབ་རྒྱ་མཚོ་མཆོག་གིས་རྗེ་ཡབ་སྲས་གསུམ་གྱི་ཟངས་
སྐུ་ཁྲི་གསུམ་ཅན་འདིར་གདན་དྲངས་ཏེ་བཞུགས་སུ་གསོལ་བ་མ་ཟད།
ཀུན་གཟིགས་ཡེ་ཤེས་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱལ་
བའི་བཀའ་རིན་པོ་ཆེ་ཚར་བཅོ་ལྔ་མདོ་སྨད་དུ་ཞུས་པའི་གྲས་ནས་ཚར་གཅིག་ཁོང་གི་ཐུགས་རྗེ་ལ་བརྟེན་ནས་རང་དགོན་དུ་ཞུ་ཐུབ་པ་བྱུང་
ངོ་། །
ས་འབྲུག་ཕྱི་ལོ་༡༩༨༨ལོར་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལས་སྡེ་འདིའི་ཆོས་སྒོ་གསར་དུ་འབྱེད་ཆོག་པའི་བཀའ་རྒྱ་བྱུང་།
དགོན་པའི་དོ་
དམ་ཚོགས་པ་བཙུགས་ཏེ་དགེ་འདུན་བསྟན་པ་མཆོག་གིས་གཙོ་འགན་བཞེས།
ཨ་ལགས་དགེ་འདུན་ཤེས་རབ་ཆོས་ཀྱི་རྒྱ་མཚོས་དགོན་པ་
གཞུང་ལ་རྟ་གཅིག་བཞག ཆུ་བྱ་ཕྱི་ལོ་༡༩༩༣ལོའི་ཟླ་༤བའི་ཚེས་༥ཉིན་ནས་བཟུང་།
ཁྲི་ཀའི་རི་ཁྲོད་པ་རྣམས་ཀྱིས་ཞུས་པའི་ངོར་རབ་འབྱམས་
གཞུང་ལུགས་སྨྲ་བའི་དབང་ཕྱུག་བླ་བྲང་དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་གིས་རྒྱལ་བའི་བཀའ་རིན་པོ་ཆེ་བཀླག་ལུང་ཟླ་གཅིག་ལ་གནང་།
ཤིང་ཁྱི་ཕྱི་ལོ་༡༩༩༤ལོར་དགེ་འདུན་བསྟན་པ་མཆོག་གཙོ་བྱས།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་རབ་འབྱམས་པ་ལྷ་སྡེ་ངག་དབང་ཀུན་བཟང་
མཆོག་གིས་ས་དཔྱད་གནང་བ་ལྟར་འདུལ་འཛིན་པ་ཆེན་པོ་དགེ་སློང་བློ་ལྡན་རྒྱ་མཚོ་མཆོག་གིས་ཐུགས་འཛིན་མཛད་དེ།
སངས་རྒྱས་མི་
འཁྲུགས་པའི་སྐུ་འདྲ་ནང་རྟེན་བྱས་པའི་བྱང་ཆུབ་རྣམ་དག་མཆོད་རྟེན་ཆེན་མོ་ཞིག་ཁང་བཟང་གི་སྟེང་དུ་འགྱིང་བར་གནས་པའི་ཚུལ་དང་།
མ་ཎི་འཁོར་ལོ་ཞེ་བརྒྱད་ཀྱིས་བསྐོར་བ་ཞིག་ལེགས་པར་བཞེངས་ནས་གྲུབ།
ཤིང་ཕག་ཕྱི་ལོ་༡༩༩༥ལོའི་ཟླ་ལྔ་པའི་ནང་། དཀྱིལ་འཁོར་རྒྱ་མཚོའི་
མངའ་བདག་ལཱ་མོ་གསེར་ཁྲིའི་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་གཤོང་སྨོན་བཀྲ་ཤིས་འཁྱིལ་དུ་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་
གི་སྟ་གོན་དང་བཅས་པ་གནང་རྗེས།
ཚེས་ཉེར་གཅིག་ཉིན་འདི་གའི་དགོན་དུ་ཕེབས་ནས་ཞག་བཞུགས་གནང་ཞིང་།
ཁྲོ་བོའི་རྒྱལ་བོ་རྟ་མགྲིན་
གསང་སྒྲུབ་ཀྱི་དབང་བསྩལ། མཆོད་རྟེན་རྣམ་དག་ཆེན་མོར་རབ་གནས་མཛད་དོ། །
འདུ་ཁང་གསར་དུ་བཞེངས་པའི་སྐུ་གསུང་ཐུགས་རྟེན་གཙོ་བོ་བཞུགས་པའི་ཚུལ་ནི།
དཀྱིལ་གྱན་དུ་ཁྲུ་ལྔ་དང་ལྡན་པའི་སྐུ་གཙོ་འཁོར་ཁྲི་
དྲུག་འགྱོགས་དང་བཅས་པ་དང་།
དེའི་གཡས་ཕྱོགས་སུ་སྟོན་པ་གཙོ་འཁོར་གསུམ་གྱི་ཟངས་སྐུ་ལི་མ་ཁྲི་གང་དང་ཕྱེད་ཅན།
དེའི་མཐར་སྨན་
འདམ་གྱིས་བཟོས་པའི་གནས་བརྟན་བཅུ་དྲུག་དང་རྒྱལ་ཆེན་བཞི།
པཎ་ཆེན་སྐུ་ཕྲེང་བཅུ་བ། རྗེ་གསེར་ཁང |