¡¡

༄༅། །གཞོང་སྤའི་སྔགས་ཁང་དར་རྒྱས་གླིང་།

   གཤོང་སྤའི་སྔགས་ཁང་གསང་སྔགས་དར་རྒྱས་གླིང་ངམ། གོང་བ་སྔགས་ཁང་གི་ཆགས་རིམ་གྱི་ལོ་རྒྱུས་མདོར་བསྡུས་ནི། དེ་ཡང་རབ་བྱུང་
བདུན་པའི་སྨད་ཙམ་སྟེ་ཕྱི་ལོ་༡༤༦༥ལོ་ལ་གཤོང་སྤའི་སྔགས་ཁང་འདི་གསར་རྙིང་རིས་མེད་ཀྱི་བླ་མ་བྲག་དཔར་སྔགས་རམ་པ་བསྟན་པ་རབ་
རྒྱས་ཀྱིས་བཏབ་སྟེ་ཡོངས་སུ་གྲུབ་ཅིང་། ཁྱད་པར་དུ་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའམ་དྷརྨ་བཛྲ་དང་སྐྱབས་མགོན་ཞབས་དཀར་
པ་སོགས་དམ་པ་དུ་མའི་སྐུ་དྲིན་ལ་བརྟེན་ནས་རྒྱ་བོད་གཉིས་ཀྱི་བཟོ་བཀོད་གང་ལེགས་ཀྱིས་གཙུག་ལག་ཁང་བཟང་ཞིང་ཆ་ཚང་བ་ཞིག་གྲུབ་
སྟེ། རྟེན་བཞེངས་ཀྱང་གཙོ་སྐུ་མཁན་སློབ་ཆོས་གསུམ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྐུ་བརྙན། བསྟན་སྲུང་ཆོས་སྐྱོང་མ་གཟའ་རྡོར་
གསུམ་གྱི་སྐུ་བརྙན་སོགས་ལྷུན་ཆགས་སུ་བཞུགས་ཀྱང་མཉྫུས་ལོ་དྲུག་ལ་དབང་སྒྱུར་སྐབས་སུ་མེར་བསྲེགས། ཕྱི་ལོ་༡༩༡༡ལོར། རང་སྡེ་སྔགས་
འཆང་རིན་ཆེན་རྒྱལ་ཟེར་བས་མགོ་དྲངས་ཏེ་སླར་ཡང་སྔགས་ཁང་འདི་གསར་བཞེངས་བྱས་ཏེ། ཚོགས་ཆོས་ཐོག་དང་བཅས་པ་རྒྱུན་ལྡན་དུ་
བཙུགས་ཡོད། དེ་དུས་སྔགས་པ་ཚོགས་མི་ལྔ་བཅུ་ཙམ་ཡོད། དེ་ནས་བཟུང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་བར་ལ་ཆག་འཇིག་མ་བྱུང་།
འོན་ཀྱང་འགུལ་བསྐྱོད་དེས་གཙུག་ལག་ཁང་གཤིགས་ནས་འདུ་ཁང་གི་ཀ་བ་འགའ་མ་གཏོགས་མ་ལུས། ཕྱིས་སུ་ཉམས་གསོ་ཅུང་ཟད་བྱས་ཡོད་
པར་བརྟེན་ནས་གོང་རིམ་གྱིས་ཕྱི་ལོ་༡༩༨༡ལོའི་ཟླ་བ་༡༠བའི་ཚེས་༩ཉིན་ཆོས་སྒོ་ཕྱེས་པ་ཡིན། །
  དེ་ལྟར་སྔགས་ཁང་འདི་སྐབས་རེར་དར་ལ་སྐབས་རེར་རྒུད་པའི་རྒྱུ་མཚན་ནི། དགོན་བདག་གི་བླ་སྤྲུལ་ཞིག་མེད་པས་རེད། དེ་བས་རེ་ཞིག་
ཁམས་ཕྱོགས་ཀྱི་བླ་མ་ཨ་འཛོམས་འབྲུག་པ་རིན་པོ་ཆེས་ཁོང་གི་སློབ་མ་གྱི་ལུང་གཏེར་སྟོན་དབང་དྲག་རོལ་བའི་རྡོ་རྗེ་ཟེར་བ་ཞིག་ཡོད་པ་དེ་
ཆེད་དུ་མངགས་ཏེ། མཚོ་སྔོན་པོའི་མཚོ་ནུབ་ཁུལ་གྱི་བོང་སྟག་བཀྲ་ཚའི་དགོན་པ་དང་ཁྱད་པར་དུ་ཨ་ཆུང་གནམ་རྫོང་དགོན་དུ་ཀློང་ཆེན་
མཛོད་བདུན་གྱི་པར་ཤིང་གསར་དུ་བརྐོ་རྒྱུ་བཀས་བསྐུལ་བ་ལྟར་ཡོངས་སུ་གྲུབ་ནས་བླ་མའི་གསུང་བཞིན་རེ་ཞིག་གི་བར་ལ་བསྟན་པ་བསྐྱངས་
ཏེ་དགུང་ལོ་སུམ་བརྒྱ་ལྷག་ལ་བཞུགས་མཐར། ཕྱི་ལོ་༡༩༣༨ལོར་བོང་སྟག་བཀྲ་ཚའི་དགོན་པ་ནས་ཞི་བར་གཤེགས། ཕྱི་ལོ་༡༩༣༩ལོར་སླར་ཡང་
བོང་སྟག་བཀྲ་ཚ་རུ་སྐུ་གསུང་ཐུགས་གསུམ་གྱི་སྤྲུལ་སྐུ་གསུམ་འཁྲུངས་པས་ཆེ་བ་སྤྲུལ་སྐུ་བདེ་ཆེན། འབྲིང་བ་སྤྲུལ་སྐུ་དཔལ་ཆེན་རྡོ་རྗེ། ཆུང་བ་
སྤྲུལ་སྐུ་མདོ་སྔགས་ཞེས་པའི་མཚན་གསོལ། ཆེ་བ་ད་ལྟ་ཆབ་ཆའི་དཀྱིལ་གདུང་དགོན་པའི་དགོན་བདག་ཏུ་བཞུགས་ཡོད། འབྲིང་བ་དེ་ད་ལྟ་ཁྲི་
ཀ་རྫོང་གོང་བ་སྔགས་ཁང་ན་བཞུགས་ཡོད། ཆུང་བ་དེ་ད་ལྟ་ཐེམ་རྫོང་བྲག་དམར་དགོན་པའི་དགོན་བདག་ཏུ་བཞུགས་ཡོད། སྤྲུལ་སྐུ་འབྲིང་བ་
དེ་ཁམས་རྡོ་གྲུབ་སྤྲུལ་སྐུ་རིག་ལོ་རིན་པོ་ཆེས་ཐུགས་ཐག་བཅད་པ་དང་ངོས་འཛིན་བྱས་པའི་གྱི་ལུང་གཏེར་སྟོན་གྱི་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་
དཔལ་ཆེན་རྡོ་རྗེ་ཟེར་བ་དེ། ཐུགས་སྨོན་གྱི་དབང་གིས་སྔགས་ཁང་འདིར་བྱོན་ནས་ཕྱི་ལོ་༡༩༥༤ལོར་སྔགས་སྔགས་པ་ཚོས་དགོན་བདག་ཏུ་ཁྲི་
པར་བཀོད། དེར་བརྟེན་ཕྱི་ལོ་༡༩༤༨ལོ་ནས་བཟུང་ཀློག་བསླབས་ཏེ་རིམ་པས་རིག་གནས་སོགས་ལའང་སྦྱངས་ཤིང་རྫོགས་ཆེན་ཆོས་དབྱིངས་
སྟོབས་ལྡན་རྡོ་རྗེའི་བསྟན་པའི་རྗེས་སྐྱོང་བ་ཁོ་ཡི་བླ་མ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་སངྒ་བཛྲ་མཆོག་གི་བཀའ་བབ་ནས་དེང་གི་བར་
ལ་གསང་སྔགས་སྔ་འགྱུར་གྱི་རྒྱུད་སྡེ་བླ་མེད་ཀྱི་སྒྲུབ་རྒྱུན་ཇི་ལྟ་བ་བཞིན་དུ་རྒྱུན་ཆགས་བྱས་པ་ཡིན། །