¡¡

༄༅། །ཧོར་ཀྱཱའི་སྔགས་ཁང་།

   ཡུལ་སྡེ་འདི་གླིང་རྗེ་གེ་སར་གྱི་དུས་ནས་ཡོད་པར་མངོན་ལ་ཧོར་གླིང་གི་གཡུལ་འགྱེད་འཕོ་སྐྱེལ་བྱེད་སྐབས། ས་གཙན་མོ་རེབ་ཀོང་ཡུལ་དུ་
བཤོལ་ཚུལ། དེ་ནས་ཕྱིར་རིམ་གྱིས་མཆེད་ཚུལ་ཕན་ཚུན་གཉིས་ཀའི་ངག་མཐུན་གྱི་ལོ་རྒྱུས་བརྗོད་དུ་ཡོད་ཀྱང་མང་དུ་དོགས། སྔགས་ཁང་གི་ལོ་
རྒྱུས་དངོས་ལ། དེ་སྔོན་ཆོས་རྗེ་དོ་རིན་པོ་ཆེས་བྱ་ཁྱུང་གི་དགོན་པ་བཙལ་ནས་ཕེབས་སྐབས། མཚོ་གཞིས་ཀ་མར་གཟིགས་ནས་ས་དེ་རུ་ཆུ་ཨེ་
ཡོད་ཅེས་དྲིས་པར་རྒན་མོ་ཞིག་གིས་ཆུ་མེད་ཞུས་ཏེ་རྟེན་འབྲེལ་ལོག སྐུ་གཞན་དུ་བསྐྱོད་པར་དགོངས་པས་སྣོད་བཅུད་དགེ་བའི་རྟེན་འབྲེལ་དུ་
ཐང་ནག་ཀླད་ནས་ཐུགས་རྗེ་ཆེན་པོའི་ལྷ་ཁང་ཞིག་བཞེངས་ཏེ། མི་སྐྱ་ཕོ་མོ་དགེ་ལམ་ལ་བཀོད། མ་ཎི་འདོན་པ་དང་། མཆོད་པ་འབུམ་ཐེར་ཕུལ་
བ་དང་། མ་ཎི་ཁང་བཞེངས་པའི་སྲོལ་ཚུགས། རྗེས་ནས་འཕེལ་འགྲིབ་ཙམ་ལས་གཏན་མེད་དུ་མ་སོང་བར་མ་ཎི་སྨྱུང་གནས་ཀྱི་དགེ་རྒྱུན་ཇེ་
འཕེལ་དུ་སོང། རིམ་གྱིས་རབ་བྱུང་བཅུ་གཅིག་པའི་ནང་ཙམ་དུ་སྟོང་སྐོར་མདོ་སྡེ་རྒྱ་མཚོས་རྟ་མགྲིན་གསང་སྒྲུབ་ཉིན་བདུན་གྱི་སྔགས་སྒྲུབ་
བཙུགས་ཏེ་སྔགས་སྡེ་རུ་གྱུར། གནས་སྤོས་ཏེ་སྔགས་ཁང་གྱན་གསུམ་བཞེངས། ཏང་གྱ་སྐུ་ཕྲེང་གཉིས་པས་ནང་རྟེན་ཇོ་བོ་ཡབ་སྲས་ལ་རབ་
གནས་མཛད། སྨིན་གླིང་གི་ཆོས་སྐོར་གྱི་སྨིན་བྱེད་རྒྱབ་བརྟེན་ཚར་ལོང་དུ་བསྩལ། དེའི་རྗེས་སྐྱབས་མགོན་ཞལ་དཀར་རྡོ་རྗེ་འཆང་ཁྲི་ཀའི་ཇོ་བོ་
རྟེན་མཇལ་དུ་བསྐྱོད་སྐབས་དང་བསྟུན་ནས་གདན་ཞུ་བྱས། འདུ་ཁང་ལ་རབ་གནས་དང་། དབང་ལུང་། ཁྱད་པར་ཐུན་མོང་བློ་སྦྱོང་གི་བཀའ་
སློབ་བསྩལ་ནས་ཕྱོགས་ཀྱི་མི་སྐྱ་མང་དུ་འདུས་པར་གླེང་། ཁོང་འདུ་ཁང་གི་གཡས་ཟུར་རྡོ་ཕ་བོང་ཞིག་ཡོད་པར་བཞུགས་ནས་ཡར་ཞུས་མེད་
པར་སྔགས་ཁང་གསར་བཞེངས་བྱེད་སྐབས་རྡོ་འདིའི་སྟེང་འོད་དཔག་མེད་ཀྱི་སྐུ་ཞིག་བཞེངས་ན་སྔགས་རབས་བར་མ་ཆད་པར་བྱང་སེམས་
བསམ་བཞིན་སྐྱེ་བ་བཞེས་པ་རེ་འབྱོན་པར་ལུང་བསྟན། དེའི་རྗེས་ཏང་ཀྱཱ་བདུད་འདུལ་རྡོ་རྗེ་བྱོན། བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་
དབང་ལུང་གནང་། ཉིན་བདུན་གྱི་སྔགས་སྒྲུབ་བཙུགས། འདི་ཉིད་རིགས་བདག་ཏུ་བཀུར་ནས་འགྲིག་ལམ་སྨིན་གྲོལ་གླིང་ལ་བསྟུན། སྐུ་ཞོག་ཧོར་
ཚང་ཡང་བྱོན་ནས་ཡུན་རིང་བཞུགས། ཆོས་ཐོག་ལ་སྟག་ཚང་ཕུར་བ་བཙུགས། གསང་བ་གསུམ་གྱི་ཡོན་ཏན་མཉེས་པའི་ཐུགས་སྲས་གཞན་དྲིང་
མི་འཇོག་པ་རི་བ་ཨ་ཁུ་དཀོན་མཆོག་རིན་པོ་ཆེ་ཚང་། ཧོར་རྒྱའི་ཨ་ཁུ་རྣམ་རྒྱལ་རྡོ་རྗེ་རིན་པོ་ཆེ། ཧོར་རྒྱའི་རྩིས་རྒན་ཀརྨ་ལས་རབ་རྡོ་རྗེ་སོགས་
ཁྱད་འཕགས་དུ་མ་བསྐྲུན། ཏང་ཀྱཱ་བདུད་འདུལ་རྡོ་རྗེ་དང་། སྐུ་ཞོག་ཧོར་ཚང་རྣམ་གཉིས་སྔགས་སྡེ་འདི་ལ་བཀའ་དྲིན་ཤིན་ཏུ་ཆེ། སྔགས་པ་
ཡང་བཅུ་ཕྲག་ལྔ་དྲུག་ལས་བརྒལ་བ་བྱོན། འདུ་ཁང་གྱན་ལྔ་བཞེངས། ཞབས་དཀར་རིན་པོ་ཆེའི་ལུང་བསྟན་དུས་སུ་བབས་པ་ཤེས་ནས་འོད་
དཔག་མེད་ཀྱི་གཡས་གཡོན་དུ་ཨུ་རྒྱན་རིན་པོ་ཆེ་དང་། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་བཅས་གྱན་གསུམ་གྱི་ནང་བཞེངས། གཞན་ཡང་ནང་
རྟེན་ལ་ཧོར་ཚང་གིས་གནང་བའི་ལྷ་མོ་རེ་མ་ཏིའི་ཞལ་ཐང་། ཞྭ་ནག་ཧོར་ཁ། ཏང་ཀྱཱ་བདུད་འདུལ་རྡོ་རྗེས་གནང་བའི་སྦུབས་ཆ་སོགས་ཡོད།
ཧོར་རྒྱའི་རྩིས་དགོན་གྱིས་དགོན་སྒོ་ཞེ་ཆེན་ལ་ཕུལ། མིང་གསང་སྔགས་འཕེལ་རྒྱས་གླིང་ཞེས་བསྩལ། དེ་ལྟར་ཞིབ་རྩིས་བྱས་ན་མི་ལོ་བཞི་བརྒྱ་
ཙམ་ལ་སྔགས་རྒྱུན་ཟམ་མ་ཆད་པའི་རིག་འཛིན་འདུ་བའི་གླིང་ཞིག་ཏུ་ངེས་སོ། །