|
ཧོར་གྲྭ་ཚང་བསམ་གཏན་དགའ་ལྡན་གླིང་ནི་ཧོ་ཞི་ཞང་གི་མངའ་ཁོངས་ཡིན་ལ།
མཆོད་གཞིས་ཧོར་ཀྱཱ་གྲོང་ཚོ་ཡིན་པས་ཡོངས་གྲགས་སུ་
ཧོར་ཀྱཱའི་གྲྭ་ཚང་ཟེར།
གྲུབ་མཐའ་ནི་དགེ་ལུགས་པ་དང་སྐུ་འབུམ་བྱམས་པ་གླིང་གི་དགོན་ལག་ཡིན།
དགོན་པ་འདི་ཐོག་མར་མི་ཉག་བློ་གྲོས་
དར་རྒྱས་ཀྱིས་རབ་ཉིའི་དཀྱིལ་ཙམ་ལ་ཡ་གི་ཐང་ཟེར་བའི་སར་བཏབ་ཀྱང་།
ལོ་ལྔ་བཅུ་ལྷག་གི་རྗེས་ཁ་ཆེའི་ཟིང་འཁྲུག་གི་སྐབས་སུ་དགོན་པ་
གཏོར་བཅོམ་བྱས་རྐྱེན་དགོན་ཤུལ་སྟོང་བར་གྱུར།
གྲྭ་པ་རྣམས་མཆོད་རྟེན་སྐེ་དགོན་པར་ཞུགས།
དེའི་རྗེས་སུ་ཧོར་ཀྱཱའི་དཔོན་ཚང་དུ་འཁྲུངས་
པའི་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོས་སྔོན་གྱི་གྲྭ་པ་རྣམས་ཕྱིར་བོས་ནས།
འཁོར་ལོ་སྒང་ཟེར་བའི་རི་རྩ་འདིར་དགོན་པ་བསྐྱར་འདེབས་མཛད་
ནས་མཚན་ལ་བསམ་གཏན་རབ་རྒྱས་དགའ་ལྡན་གླིང་ཞེས་གསོལ།
སྡེ་འདིར་ཨ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་བརྩེ་གཟིགས་གནང་བ་མ་
ཟད།
ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོས་ཨ་ལགས་ཆ་ཧར་ཚང་ཁོང་གི་སྐུ་ཚབ་ཏུ་བཞག་ནས་རིམ་པར་བསྐྱངས།
འདི་བ་ནི་སྨད་སོག་ཆ་ཧར་ས་
ཆའི་དགོན་པ་ཞིག་གི་བླ་མ་ཡིན་ལ་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོ་ཡུལ་དེར་ཕེབས་དུས་སོག་ཡིག་གི་དགེ་རྒན་དུ་བསྟེན།
ཕྱིས་སུ་ཁོང་དང་ལྷན་
དུ་སྐུ་འབུམ་དུ་ཕེབས་ནས་དགོན་པ་འདིར་བདག་འཛིན་མཛད།
སྐུ་འབུམ་དུའང་སྒར་བ་ཡོད། འདི་བའི་སྤྲུལ་སྐུ་ཧོར་ཀྱཱའི་དཔོན་ཚང་བར་མར་
འཁྲུངས། སྤྲུལ་སྐུར་ངོས་འཛིན་བྱས་ནས་སླར་སྨད་སོག་རང་དགོན་དུ་ཕེབས།
དགུང་ལོ་བདུན་ཅུ་ལྷག་བཞེས་སྐབས་རང་ཡུལ་དུ་སྐུ་གཤེགས།
དེའི་སྤྲུལ་སྐུ་ཧོར་ཀྱཱའི་དཔོན་ཚང་དུ་འཁྲུངས།
ཨ་ཀྱཱ་རིན་པོ་ཆེས་ངོས་འཛིན་གནང་ནས་མཚན་འཇམ་དབྱངས་ཆོས་འཕེལ་གསོལ།
དགུང་ལོ་ལྔ་
བཅུའི་སྟེང་སྟོང་འཁོར་དགོན་པའི་ཁྲིར་ལོ་གསུམ་བཞུགས།
དགུང་ལོ་རེ་བདུན་སྟེང་སྐུ་གཤེགས། དེའི་སྤྲུལ་སྐུ་ནི།
ཨ་རོལ་བློ་བཟང་ལུང་རྟོགས་
བསྟན་པའི་རྒྱལ་མཚན་དང་སྟོང་སྐོར་རིན་པོ་ཆེ་རྣམ་གཉིས་ཀྱིས་ངོས་འཛིན་གནང་ནས་དགུང་ལོ་དྲུག་སྟེང་ཁྲི་སར་བཀོད།
ད་ལྟ་བསྟན་འགྲོའི་
དོན་དུ་འཚོ་བཞུགས་ཀྱི་སྐབས་ལགས་སོ།
དེ་ལས་གཞན་དགོན་པ་འདིའི་ཁྲི་བ་རྒྱ་ཀྱཱའི་ཞབས་དྲུང་ནི།
སྐུ་ཕྲེང་གསུམ་ཙམ་སོང་བའི་དང་པོ་འོ་
ཇ་སྐེ་ཨ་ཁུ་ངག་དབང་ཚང་ནས་འཁྲུངས།
གཉིས་པ་རྒྱ་ཀྱཱའི་ཚོ་བའི་ནང་དུ་འཁྲུངས།
གསུམ་པ་འགག་ཚང་གི་ཡབ་པདྨ་དབང་རྒྱལ་དང་ཡུམ་
མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྨན་དང་རྩིས་སོགས་ལ་ཤིན་ཏུ་མཁས།
དགུང་ལོ་དྲུག་ཅུ་ཙམ་བཞེས་པ་ང་བརྒྱད་ལོར་སྐུ་གཤེགས། །
སྡེ་འདིའི་འཛུགས་སྐྲུན་གྱི་གཙོ་བོ་ནི་འདུ་ཁང་ཡིན་ལ་བཞེངས་བཀོད་ཕུན་སུམ་ཚོགས་ཤིང་ནང་རྟེན་བྱིན་ཅན་མང་པོས་ཡོངས་སུ་གང་།
མཆོད་རྫས་སོགས་མ་ཚང་མེད་པ།
བྱམས་ཁང་ཆེན་མོ་ཉིས་ཐོག་གྱོ་མོའི་རྒྱ་ཕིབས་ལ་གསེར་ཏོག་གིས་མཛེས་པར་བརྒྱན།
ནང་དུ་རྗེ་བཙུན་
བྱམས་མགོན་གཙོས་གྱན་ཐང་དང་བཀའ་བསྟན་སོགས་བྱིན་རླབས་ཀྱི་གཟི་འོད་འབར་བ་མང་པོ་བཞུགས།
མཆོད་ཆས་རྩ་ཆེན་ཨ་ཀྱཱ་བསྟན་
པའི་དབང་ཕྱུག་བསོད་ནམས་རྒྱ་མཚོའི་མ་ཡུམ་ལྕགས་མོ་སྐྱིད་ཀྱིས་བཞག་པའི་གསེར་ཀོང་ལྗིད་ཚད་རྒྱ་མ་གང་དང་སྲང་ལྔ་ཅན།
གཞན་དངུལ་
གྱི་མཆོད་ཆས་མང་པོ་སོགས་ཡོད། དགོན་པ་འདིའི་ཆོས་ཐོག་གི་སྐོར་ལ།
ཟླ་དང་པོར་ཆོས་འཕྲུལ་སྨོན་ལམ་ཉིན་བཅུ། གསུམ་པར་ཀུན་རིག་སྒྲུབ་
མཆོད་ཉིན་བདུན། བཞི་པ་མཆོད་པ་ཉིན་བརྒྱད། དྲུག་པའི་བཅོ་ལྔ་ནས་དབྱར་གནས།
དགུ་བར་གཏོར་སྒྲུབ། རྟ་མགྲིན་དང་སེང་གདོང་གཉིས་
ཀྱི་གཏོར་བཟློག
བཅུ་བར་ལྔ་མཆོད་ཆེན་མོ་ཉིན་དྲུག་བཅས་ཚང་མ་སྔོན་གྱི་ཕྱག་ལེན་མ་ནོར་བ་ཡོད་དོ།
དགོན་པར་བདག་དབང་ཡོད་པ་ས་
ཞིང་མུའུ་ཉིས་བརྒྱ་ཙམ་དང་། བཙུགས་སྡོང་མུའུ་དྲུག་བརྒྱ་ཙམ།
རང་བྱུང་ནགས་ཚལ་མུའུ་སྟོང་གཅིག་ལྷག་ཡོད་པ་རྣམས་(༨༠༦༦)དམག་
གིས་ཞིང་སར་བསྒྱུར་བ་ཇི་ལྟ་བ་བཞིན།
ཆོས་སྒྲའི་དབྱངས་སྙན་འཁྲོལ་བའི་དགོན་སྡེ་འདི་ཡང་ང་བརྒྱད་དང་རིག་གསར་གྱིས་ལྷག་མ་ཙམ་ཡང་
མ་ལུས་སོ། །
ད་ལྟ་རང་སའི་ཆོས་དད་མང་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་འདུ་ཁང་གྱན་ལྔ་ནང་རྟེན་དང་བཅས་བཟོ་བཀོད་ཕུན་
སུམ་ཚོགས་པ་རབ་རྒྱལ་མེ་སྟག་ཕྱི་ལོ་༡༩༨༩ལོར་ལེགས་གྲུབ་བྱུང་ཞིང་།
གྲྭ་པ་བཅུ་ལྷག་ཙམ་གྱིས་སྔར་སྲོལ་རྣམས་ཉམས་གསོ་ཅི་ཐུབ་བྱེད་
བཞིན་པའི་སྐབས་ལགས་སོ། ། |