|
མཛེས་སྐུའི་འོད་ཀྱི་ཆ་ཤས་གཅིག་གིས་འགྲོ་བའི་སྡུག་བསྔལ་དུས་གཅིག་གཞིལ།
།ལེགས་གསུང་ཚངས་དབྱངས་ལན་གཅིག་བསྒྲགས་ཀྱང་སྣ་
ཚོགས་ཁམས་ལ་གཅིག་ཏུ་སྨན།
།ཁྱེད་ཐུགས་གཡེལ་མེད་རྩེ་གཅིག་མཉམ་བཞག་འགྲོ་ཀུན་བུ་གཅིག་ལྟར་དགོངས་པ།
།སྐུ་བཞིའི་བདག་ཉིད་
སྐྱབས་གཅིག་དོན་ཀུན་གྲུབ་པར་ལན་གཅིག་མིན་པར་འདུད།
།ཚོགས་གཉིས་བརླན་གྱིས་རིང་ནས་བསྐྱེད་པས་མཚན་དཔེ་གཉིས་ཀྱི་མེ་ཏོག་
བཀྲ།
།བདེན་གཉིས་ཀུན་གསལ་དཀྱིལ་འཁོར་མ་ལུས་མཁྱེན་པ་གཉིས་ཀྱི་དྲི་ཡིས་ཁྱབ།
།སོ་གཉིས་མཁའ་ན་གཡོ་བའི་ཆོ་ག་དངོས་གྲུབ་གཉིས་ཀྱི་
གཏེར་གྱུར་པ།
།མཐའ་གཉིས་འཇིགས་བྲལ་ལྷ་ཡི་ལྗོན་པར་གནས་གསུམ་ལག་གཉིས་ཐལ་མོ་སྦྱོར།
།སྲིད་གསུམ་ཟིལ་གནོན་སྐུ་ཡིས་དུག་གསུམ་
མེ་དཔུང་བཅིལ། །བསླབ་གསུམ་བཅུད་ལྡན་གསུང་གིས་ས་གསུམ་ཁྱོན་ཀུན་འགེངས།
།དུས་གསུམ་གསལ་གཟིགས་ཐུགས་ཀྱིས་རིགས་གསུམ་ཐར་
བར་བཀྲི། །སྐབས་གསུམ་བདག་པོའི་བུ་མོར་སྒོ་གསུམ་གུས་པས་འདུད།
།རྨད་བྱུང་ཐུགས་བསྐྱེད་མགྱོགས་འགྲོའི་ཤུགས་སྟོབས་ཀྱིས། །ཕན་བདེ་
འབྱུང་གནས་རྒྱལ་བསྟན་ཉིན་བྱེད་དབང་།
།གངས་ལྗོངས་སྐྱེ་བོའི་གདོང་མུན་སེལ་བྱེད་དུ།
།འདྲེན་མཁས་ཆོས་རྒྱལ་ལོ་པཎ་སྐུ་དྲིན་དྲན། །ལྷག་
བསམ་ཟླ་བ་དཀར་པོའི་མདངས་མཛེས་ཤིང་།
།ཡང་དག་ལེགས་བཤད་འོད་ཀྱི་གཟི་བྱིན་འབར།
།ཐར་བའི་ཡིད་གསོས་ཆུ་རྒྱུན་འབེབས་མཁས་
པའི། །ཐུབ་པའི་གདུང་འཚོབ་བཤེས་ལ་གུས་བཏུད་ནས།
།རྣམ་དག་བསླབ་གསུམ་ནོར་བུས་ལུས་མཛེས་ཤིང་།
།ལུང་རིགས་སྒྲ་བརྒྱས་ཀུན་གསལ་
ཁྱོན་འགེངས་པ། །མཁས་གྲུབ་བྱེ་བས་བྱོན་བཞུགས་བྱིན་རླབས་པའི།
།རྣམ་ཐར་གཙང་མའི་མཛོད་དུ་བསྙེམས་པ་ཅན། །ཕུན་ཚོགས་སྡེ་བཞིའི་
དཔལ་གྱིས་ཀུན་ནས་ཕྱུག །རྨ་ཀླུང་སྒེག་མོའི་འཁྱུག་འགྲོས་གཡས་སུ་འཁྱིལ།
།བསྟན་འཛིན་འབྱུང་གནས་འདུས་པའི་སྡེ་མང་པོ། །རྒྱུ་སྐར་ས་ལ་
བབས་པས་མཚོན་ནུས་མིན། །དེ་དག་རེ་རེའི་གནས་ཡུལ་འདེབས་མཁན་དང་།
།ཁྱད་འཕགས་རྟེན་གྱི་གཙོ་བོ་རྣམ་གྲངས་སོགས། །མཛུབ་མོས་རི་
སྟོན་ཚུལ་དུ་བཀོད་པ་འདི། །དོན་གཉེར་ཅན་ལ་མིག་གི་བདུད་རྩི་ཉིད། ། ༈
དེ་ཡང་སློབ་དཔོན་དཎྜཱྀས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་
པར་བསྟན་པ་དེ་ཡི་སྒོ། །ཞེས་གསུངས་པ་ལྟར།
སྙན་འཇེབས་གཡས་འཁྱིལ་དུང་གི་སྒྲ་ལས་ཉེ་བར་དྲངས་པའི་ཕྱག་བྱ་བའི་ངག་སྔོན་དུ་བཏང་
ནས།
ལྷ་གཅིག་ཕྱག་ན་པདྨོའི་གདུལ་ཞིང་དུ་རྒྱལ་བ་ཉིད་ཀྱི་ལུང་གིས་ཟིན་པའི་ཡུལ།
ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་གྲངས་མེད་འབབ་པ། རབ་
དཀར་གངས་ཀྱི་རི་བོས་ཕྱོགས་བརྒྱད་དུ་བསྐོར་བའི་རང་ཅག་བོད་ཡུལ་ཁྲི་སྐོར་བཅུ་གསུམ་ལས།
མདོ་ཁམས་སྒང་དྲུག་གི་སྨད་ཀྱི་ཆ། སྒང་
གསུམ་དུ་བྱས་པའི་ཙོང་ཁ་བདེ་ཐང་གི་ཆར་གཏོགས།
རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་དཔལ་དབྱངས་ཉིད་མི་ཡི་རྣམ་པར་རོལ་བ་
ཁམས་གསུམ་བླ་མ་ཙོང་ཁ་པ་ཆེན་པོའི་འཁྲུངས་གནས།
ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དང་ཁད་ཧ་ཅང་ཉེ་བའི་ལྷོ་ནུབ་ཀྱི་ཕྱོགས།
རྨ་
ཀླུང་ཕྱུག་མོའི་འཁྱུག་འགྲོས་གཡས་སུ་འཁྱིལ་བའམ་ཡུལ་ལྷའི་ཕོ་བྲང་གི་རྒྱབ་རི་ཁྲིའི་རྣམ་པར་གཡོ་བས་ཁྲི་ཀ་ཞེས་པའི་ཡུལ།
ས་ལ་དགེ་བཅུའི་
མཚན་མ་རྣམ་པར་བཀྲ་ཞིང་དབྱིབས་ལེགས་པ།
རི་ལ་ཤིང་སྣ་འདུས་པའི་ནགས་ཚལ་རྒྱ་ཆེ་ཞིང། གཅན་གཟན་དང་རི་དྭགས་མང་པོ་བག་
ཡངས་སུ་རྩེན་པ།
སྤང་ལ་རྩྭ་ཆུ་འཛོམས་ཤིང་མེ་ཏོག་སྣ་བརྒྱའི་མགོ་ལྕོག་ལྡེམ་པ།
རྟ་ནོར་ལུག་གསུམ་གྱི་འདུ་འགོད་རྩེན་པ། ཞིང་ལ་འབྲུ་དྲུག་
སྨིན་པ། དེར་འཁོད་སྐྱེ་བོ་རྣམས་རྣམ་དཀར་གྱི་ལས་ལ་ཕྱོགས་པ།
སྲིད་པའི་ལྷ་གཉན་མཐུ་བོ་ཆེ་མང་པོས་རྣམ་ཀུན་གཡེལ་བ་མེད་པར་འཕྲིན་
ལས་སྒྲུབ་པ། མདོར་ན། མི་ནི་ཆོས་ལ་དད་པ་དང་།
།ལྷ་ནི་དཀར་ཕྱོགས་སྐྱོང་བ་དང་། །ས་ལ་དགེ་བཅུ་ཚང་བ་ཡིས།
།གསེར་གྱི་ཡུལ་ལྗོངས་ཞེས་
སུ་གྲགས། ། ཞེས་གསུངས་པ་ལྟར།
ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་ཀུན་ནས་མཛེས་པའི་ཡུལ་འདི་ན།
མཁས་པ་དང་གྲུབ་པའི་མཚན་སྙན་རླུང་
བཞིན་རྒྱུ་བ།
ཐུབ་པའི་བསྟན་པའི་གསལ་བྱེད་ཆེན་པོ་གྲངས་མང་གིས་ཞབས་རྡུལ་གྱི་མེ་ཏོག་ཡང་ཡང་འཐོར་བའི་འདུས་པའི་སྡེ་མང་པོ་ཡོད་
པ་རྣམས་ཀྱི་ལོ་རྒྱུས་རགས་ཙམ་རིམ་གྱིས་འགོད་པ་ལ།
ཐོག་མར་ཁྲི་ཀའི་ཡུལ་གྱི་བྱིན་རླབས་ཅན་གྱི་རྟེན་བཞིའི་(མཆོད་རྟེན་དཀར་པོ།
ཇོ་ཇོ།
ཐུགས་རྗེ་ཆེན་པོ། ལྷ་དཀར་པོ།)ལོ་རྒྱུས་སྤྱིར་བཤད་པ།
གཉིས་པ་དགོན་སྡེ་ཁག་གི་ལོ་རྒྱུས་བྱེ་བྲག་ཏུ་བཤད་པའོ། ། |