༄༅། །སྒ་བུ་ཀརྨ་ཆོས་འགྱུར།
ལྡེབ་ངོས་༡ཡོད།
༄༅། །ཕྲན་ནི་མདོ་ཁམས་ཟལ་མོ་སྒང་སྟོད་སྒ་ཡུལ་ཨ་རྟོགས་འབྲུག་ངུ་མཐིལ་དུ་རབ་བྱུང་བཅུ་དྲུག་པའི་མེ་ལུག་ཟླ་དང་པོའི་ཚེས་བཅུ་དགུ་སྔ་དྲོ་ ཉི་མ་ཤར་བ་དང་མའི་མངལ་ལས་གྲོལ་བ་དུས་མཉམ་པ་དྲིན་ཅན་ཕ་མའི་ངག་ལས་ཐོས། (ཕྱི་ལུགས་༡༩༦༧.༣.༡ལ་སྐྱེས།) རང་ལོ་བརྒྱད་པ་ནས་ ཨ་རྟོགས་དམངས་སྒྲུབ་སློབ་ཆུང་དུ་ལོ་བཞིར་སློབ་སྦྱོང་བྱས། ༡༩༧༨ལོར་རུ་ཁག་གི་ངལ་རྩོལ་ལས་གྲལ་དུ་ཞུགས། དེ་ནས་ལོ་ཤས་རྗེས་ཞིང་ཕྱུགས་ སྒེར་དབང་བྱུང་བས་ཁྱིམ་གྱི་ནོར་རྫི་བྱས། ༡༩༨༢ལོར་རང་དགོན་གསར་འཛུགས་ཀྱི་གོ་སྐབས་བྱུང་བར་བརྟེན། ལོ་དེའི་བོད་ཟླ་དྲུག་པའི་ཚེས་བཞི་ ཉིན་ངུར་སྨྲིག་བརྒྱན་གྱིས་ཡོངས་སུ་ཀླུབས་པའི་སྐལ་བ་ཅན་དུ་གྱུར། ༡༩༨༤ལོའི་དབྱར་ཁར་པདྨའི་རག་ལྗོངས་ལྷ་ལུང་བཀྲ་ཤིས་འཁྱིལ་ནས་རྗེ་ བཙུན་མི་ལ་གཉིས་པ་གྲུབ་བརྙེས་ཀརྨ་ནོར་བུ་བཟང་པོས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་གི་སྐལ་བཟང་ཐོབ། ལོ་དེའི་དགུན་ཁར་ བྱམས་མགོན་ཏཱའི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་དོན་ཡོད་གྲུབ་པ་སྐྱེ་དགུ་འདམ་དཀར་དགོན་དུ་ཆིབས་ཞལ་བསྒྱུར་སྐབས་རབ་བྱུང་དགེ་ཚུལ་ གྱི་སྡོམ་པ་ཐོབ། ༡༩༨༥ལོར་དམ་ཆོས་སྒྲུབ་པའི་རྨང་གཞི་སྔོན་འགྲོ་འབུམ་བཞི་འམ་འབུམ་ལྔའི་བསགས་སྦྱངས་ཀྱི་མཚམས་ལ་བསྡད། ༡༩༨༦ལོར་ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་རྩ་གསུམ་བསྙེན་སྒྲུབ་བྱས། དེ་རྗེས་ལོ་ལྔའི་རིང་ལོ་རེའི་ནང་ཟླ་རེ་ཟུང་ལས་ཆོས་རིག་ལ་སྦྱོང་བརྩོན་གང་ལེགས་ ཀྱིས་རྣམ་དཀར་ཆོས་ལྡན་གྱིས་དུས་འདས། ༡༩༩༡ལོར་སྒ་བཀྲ་ཤིས་སྒང་གི་ཌཱཀྐི་སྒྲུབ་ཁང་བཀྲ་ཤིས་ཆོས་རྫོང་དུ་འདུག་པའི་གོ་སྐབས་བཟང་པོ་ཐོབ་ སྟེ་ལོ་བཅུ་གསུམ་ངག་གཅད་འདག་སྦྱར་གྱི་ཡི་དམ་བསྙེན་སྒྲུབ་ཉམས་ལེན་ལ་འབད་ཁུལ་བགྱིས། ༢༠༠༤ལོར་སྒོ་ཡི་འདག་སྦྱར་བཤིགས་ཏེ་མཚམས་ ལས་གྲོལ་ཞིང་འཕགས་བོད་གནས་ཆེན་ཁག་ཞིབ་མཇལ། འཕགས་ཡུལ་བྱང་གླིང་བཀའ་བརྒྱུད་མཐོ་སློབ་ཏུ་ཟབ་སྦྱོང་བསླབ་གཉེར་དང་། དཔལ་ ལྡན་འབྲས་སྤུངས་མཆོད་རྟེན་ནས་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལས་དུས་དབང་ཐོབ་ཅིང་། འབྲི་གུང་སྐྱབས་མགོན་ཉི་ཟླ་ཟུང་། སྐྱབས་རྗེ་ མགར་ཆེན་རིན་པོ་ཆེ་སོགས་ཕྱི་ནང་གང་བཞུགས་བསྟན་འཛིན་སྐྱེས་བུ་རྣམ་པའི་ཞལ་མཇལ་གྱི་དབང་ལུང་ཆོས་ཀྱི་བདུད་རྩི་བགོ་སྐལ་ལ་ལོངས་ སྤྱོད་པའི་སྐལ་བ་ལྡན་པ་བཅས་ཕ་མ་སེམས་ཅན་རྣམས་ལ་ལྷག་བསམ་མི་དམན་པའི་ངང་། ཕྱི་ནང་རིག་གནས་གང་ལའང་ཤེས་འདོད་དང་བོད་ཀྱི་ ཆོས་དང་རིག་གཞུང་ལ་ཤ་ཞེན་དང་དྲང་བདེན་གྱི་ལམ་དུ་འགྲོ་རྒྱུ་བན་སྤྲང་བདག་གི་དམིགས་ཡུལ་ཉག་གཅིག་གོ། །