༄༅། །དཔལ་ལྡན་བཀྲ་ཤིས་སྒང་ངམ་སྒ་བཀྲ་ཤིས་ཆོས་གླིང་དགོན་གྱི་ལོ་རྒྱུས་གཟུར་གནས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །
སྒ་བུ་ཀརྨ་ཆོས་འགྱུར།

   ལྡེབ་ངོས་༡ཡོད། 

༄༅། ། ཨོཾ་སྭ་སྟི། རྒྱ་གར་འཕགས་ཡུལ་གྲུབ་ཆེནབརྒྱད་ཅུ་དང་། །གངས་རི་ཁྲོད་དུ་དྭགས་པོ་བཀའ་བརྒྱུད་པ། །རྒྱ་བོད་ཡོངས་ལ་གྲགས་པའི་རྔ་ཆེན་
བརྡུང་། །སྐྱོབ་པ་འཇིག་རྟེན་གསུམ་མགོན་གུས་ཕྱག་འཚལ། །གྲུབ་པའི་དབང་ཕྱུག་ཚུལ་ཁྲིམས་འབུམ་པ་དང་། །ཏཻ་ལོའི་རྣམ་འཕྲུལ་གཅུང་པོ་རྡོ་རྗེ་
གྲགས། །བསྟན་པའི་བརྒྱུད་འཛིན་བླ་སྤྲུལ་རྣམ་གཉིས་ཀྱིས། །ཚེ་རབས་ཀུན་ཏུ་མི་འབྲལ་བདག་སྐྱོངས་ཤིག །
 

དེ་ཡང་དཔལ་ལྡན་བཀྲ་ཤིས་སྒང་ངམ་སྒ་བཀྲ་ཤིས་ཆོས་གླིང་དགོན་གྱི་ལོ་རྒྱུས་ཁུངས་ལྡན་ཡིད་རྟེན་རུང་བའི་ཡིག་རྙིང་དག་ལས་བཏུས་ཏེ་མདོ་
ཙམ་བརྗོད་ན། སྲིད་པ་སྒ་ཆགས་ལས། སྐྱུ་རའི་ཤེལ་གྱི་མཆོད་རྟེན་བང་མཐོ། སྒ་བ་ནམ་མཁའི་གདུགས་ལྟར་ཁེབས་ཆེ། སྐྱུ་ར་མི་འགྱུར་རྟགས་ཤིག་
ཡོད། བྲག་རྩ་མི་འགྱུར་གནས་ཤིག་ཡིན་གསུངས་པ་ལྟར། མདོ་ཁམས་ཟལ་མོ་སྒང་གི་འདན་སྟོད་སྒ་ཡུལ་ས་ཆ་འདིར་མི་དཔོན་ས་ཡི་བདག་པོ་སྐྱུ་ར་
ཚང་ཡིན་པ་དང་། སྒ་བ་སྡེ་རྒྱ་ཆེ་བ། སྐྱུ་ར་ནི་རིགས་རུས་ཕུན་སུམ་ཚོགས་པའི་ཁྱད་ཆོས་དང་། བཞུགས་གནས་སྒྲོལ་མའི་བྲག་རྩ་ཡིན་ཚུལ་གསལ་
པོར་བསྟན་ཡོད། དེའི་ཁོངས་གཏོགས། ཨ་རྟོགས་ས་ཡི་ཐིག་ལེ། འབྲུ་ནག་ནས་ཀྱི་བང་མཛོད་ཀྱི་མཆོད་གནས་དཔལ་ལྡན་བཀྲ་ཤིས་སྒང་འདིར།
གནའ་སྔ་མོ་ཞིག་ནས་བོན་པོས་དགོན་པའམ། གདོད་མའི་ཆོས་ལུགས་སྤེལ་བའི་ས་ཆ་རྩ་ཆེན་ཞིག་ཡིན་པ་དང་། ཕྱི་ལུགས་དུས་རབས་བདུན་པ་
སྐབས། གངས་ལྗོངས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་བསྐྱེད་ལས། ཐུབ་བསྟན་ཉི་གཞོན་བོད་འབངས་མགོན་དུ་དྲངས་པ་ནས། བན་བོན་
མཉམ་དུ་འདྲེས་པའི་དགོན་གནས་ཤིག་ཏུ་གྱུར་ནས་ལོ་འཁོར་བརྒྱ་ཕྲག་འགའ་འདས་རྗེས། སྒ་གྲུབ་ཆེན་བརྒྱད་ཀྱི་ནང་ཚན། དྲུང་ཆེན་ཚུལ་ཁྲིམས་
འབུམ་པས་འཛིན་སྐྱོང་གནང་བ་ཡིན་ལ། སྲིད་པ་སྒ་ཆགས་ལས། ཨ་ཤར་ཤཱཀ་ཐུབ་བཟང་པོ། ཀླེ་ཡི་སྤྱན་རས་གཟིགས་དབང་། ཀམ་ཡུལ་སྣང་བ་
མཐའ་ཡས། སྤོས་ཡུལ་ལེགས་ལྡན་ནག་པོ། ལ་ཁོ་ཉི་འཛིན་རྒྱ་ར། བཀྲ་ཤིས་སྒང་གི་ཚུལ་ཁྲིམས་འབུམ་པ། ཤིང་ཉག་ཆོས་དཔལ་བཟང་པོ། གད་ངོ་
སྟོང་རི་འཇམ་དཔལ་དང་། གྲུབ་འདྲ་གཉིས་ནི་ཁམས་རྡོ་རྗེ་སྙིང་པོ། ཨ་གཉན་ཀུན་དགའ་གྲགས་གསུངས་པ་ལྟར་ཡིན། དྲུང་ཚང་ནི་སྒ་སྟོད་ནས་
རུས་དང་སྟོབས་འབྱོར་མཐོ་ཤོས་ཀྱི་སྔགས་བརྒྱུད་ནུས་ལྡན་གྱི་ཁྱིམ་ཚང་གཞི་ཁག་དུ་མ་ཡོད་པ་གྲགས། གཙོ་བོ་བསེ་མཁར་དང་། སྒ་བཀྲ་ཤིས་སྒང་
གཉིས་ཡིན། དེ་མིན་པད་ལུང་འདའ་ཡི་སྲིབ་ངོས་ལ་ཡང་ཁོང་ཚང་གི་བཞུགས་གནས་ཡོད། དྲུང་ཚུལ་ཁྲིམས་འབུམ་པ་ནི་འབའ་རམ་དར་མ་དབང་
ཕྱུག་གི་སློབ་མ་ཡིན་པས་དུས་རབས་བཅུ་གཉིས་ནང་ཙམ་བྱོན། དེ་ཡང་དར་མ་དབང་ཕྱུག་གི་རྣམ་ཐར་ཆོས་འབྱུང་ཁག་ལས་གསལ་བ་ལྟར་རྗེ་སྒམ་
པོ་བ་མཇལ་ནས། ཐུགས་ཀྱི་བཟུང་ཞིང་དམར་ཁྲིད་ཀྱི་བསྐྱངས་པས་རྟོགས་པ་མཆོག་ཏུ་གྱུར་ཏེ་བྱང་བྷྲ་བྷྲམ་གྱི་དགོན་པ་བཏབ་ནས། སྐུ་ཚེ་རིང་པོ་
བཞུགས་ཏེ་སློབ་མ་ཡང་མང་དུ་འདུས། ལྷ་འདྲེའི་ཞབས་ཏོག་དངོས་སུ་བྱེད། སྐུ་གསུང་ཐུགས་རྟེན་བཞེངས་པ་རྣམས་ཀྱང་ཆོས་རྒྱལ་སྲོང་བཙན་ལྟར་
ཏིང་ངེ་འཛིན་གྱི་མཐུས་བསྒྲུབས། དམ་ཅན་རྡོ་རྗེ་ལེགས་པས་སྦྱིན་བདག་བྱས་པའི་དབུས་ལྷ་ལྡན་ཇོ་བོར་དཔེར་བླངས་ཀྱང་། སོར་མོ་གཉིས་ཆེ་སོང་
བར་གྲགས་པའི་མཉམ་མེད་ཐུབ་དབང་སྐུ་བརྙན་ལི་མ་མི་ཚད་ལས་ཆེ་བ། གཟུངས་གཞུག་ཏུ་པཎ་ཆེན་ནཱ་རོའི་ཐུགས་དམ་པདྨ་རཱ་ག་དང་། མར་
མིའི་སྒོམ་ཐག་དར་མ་དབང་ཕྱུག་ཉིད་ཀྱི་ཆོས་གོས། གདིང་བ་སོགས། བཀའ་བརྒྱུད་གྲུབ་ཐོབ་གོང་མའི་ན་བཟའ་བྱིན་ཅན་མང་པོ་བཞུགས་པ་ཞིག་
བཞེངས། དེ་རྗེས་དར་མ་བསོད་ནམས་ཀྱིས་ཚུལ་ཁྲིམས་འབུམ་ལ་གནང་དུས། ང་རང་ཕ་ཡུལ་ཐག་རིང་བས་གདན་ཐབས་ཟིན་ནམ་ཞུས་པས། བུ་
ཁྱོད་ལུང་པ་འདི་ཡི་ཕུར་སོང་ལ་གདན་ཐབས་རྙེད་ཡོང་གསུངས། དེ་བཞིན་བྱོན་པས་ཤྭ་ར་ཞིག་རྙེད་དེ་ཕུལ་པས། བླ་མས་ཇོ་བོ་སྐུ་ཡི་བཞུགས་ཁྲི་
ཤོག་གཉིས་དང་། རྒྱབ་ལ་ལྕགས་ཀྱི་ཨ་ལོང་གསུམ་མཛད་དེ། ཤྭ་རའི་སྟེང་བཞུགས་སུ་གསོལ་ནས་སེ་གོལ་ཞིག་རྡེབ་པས། ཁྲི་ལས་བརྟན་ཞིང་རྟ་ལས་
མགྱོགས་པའི་རྫུ་འཕྲུལ་མཛད་པས། བྱང་བྷྲ་བྷྲམ་ནས་གདན་ཡོང་བའི་ལམ་ཁར་གངས་ནང་ཤྭ་ར་ཟུག་སྟེ་གདན་མ་ཐུབ་པས། དེ་ན་དགོན་པ་ཞིག་
འདེབས་མཛད་པས་དེང་སང་ཡང་ཤ་རུ་དགོན་པར་གྲགས། དེ་ནས་ཁོང་གིས་ཆོས་གོས་ཀྱིས་བཏུམས་ཏེ་བསྣམས་མཛད་ནས།(རབ་བྱུང་གསུམ་པའི་
ཤིང་ཕག་ཕྱི་ལུགས་༡༡༥༥ལོ) བཀྲ་ཤིས་སྒང་དུ་ཕེབས། དེ་ནས་པད་ལུང་མདའ་ཡི་བཞུགས་གནས་སུ་གདན་དྲངས་སྐབས་ཇོ་བོས་གསུང་བྱོན་ནས།
ང་ནི་འདི་ནས་གཞན་དུ་མི་འགྲོ། ང་ཡི་འགྲོ་དོན་འདི་ན་ཡོད་གསུངས་ནས་གདན་མ་དྲོངས་པས། ཇོ་བོ་མི་འགྲོ་གསུང་བྱོན་ཞེས་མཚན་ཐོགས། དྲུང་
ཆེན་ཚུལ་ཁྲིམས་འབུམ་པ་ནི། ཚེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛིན་ཅིང་། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ལོ་རྒྱུས་ངོ་མཚར་ཅན་མང་
པོ་ཡོད། དེ་ལས་མདོ་ཙམ་བརྗོད་ན། སྐབས་ཤིག་བསེ་མདའི་མཚོ་ནག་ནང་ནས་རྟེན་བཀྲ་ཤིས་སྒོ་མང་ལི་མ་མི་ཚད་ཙམ། ཀླུ་བྱང་ཆུབ་སེམས་དཔའ་
ནས་སྦྱིན་བདག་མཛད་ནས་བཞེངས་པ་དེ། གཏེར་བཞེས་པར་ཕེབས་པས་ཆིབས་དྲེལ་མཚོ་ནང་ལ་འགྲོ་མ་འདོད་པར་ཚུར་འགྲོས་བྱས་སྟབས་ཆུ་རྡོ་
སྟེང་དུ་རྨིག་རྗེས་དང་། བྲག་ངོས་སུ་དྲེལ་གྱི་མཇུག་འཕོངས་དང་། ཁོང་གི་ཕྱག་ཕྲེང་རྗེས་གསལ་པོར་ད་ལྟའང་མཇལ་རྒྱུ་ཡོད། དེ་བཞིན་དགོན་པའི་
ཆོས་འཁྱིལ་ཆུ་འགོ་ནས་ཐུབ་པ་གཟི་འོད་འབར་བ་ལི་མ་མི་ཚད་ཅན། དུང་རྒན། འཁྱིལ་ཟངས། ཐེག་ཆེན་དྲིལ་བུ་བཞི་གཏེར་བཞེས་དུས། སྲ་
མཁྲེགས་རྡོ་ལས་ཞབས་རྗེས་ངོ་མཚར་ཅན་བཞག་མཛད་པ་དེ་དང་། དུང་རྒན་གཉིས་དེང་སང་ཡང་འགྲོ་བའི་མིག་ལམ་དུ་མཇལ་བཞིན་ཡོད། སྒ་
གྲུབ་ཆེན་བརྒྱད་ནི་སྐྱོབ་པ་རིན་པོ་ཆེའི་སྔོན་ཙམ་བྱོན་པ་ཡིན་ལ། གྲུབ་འདྲ་གཉིས་ནི་ཁམས་རྡོ་རྗེ་སྙིང་པོ་ཆོས་རྗེ་སྐྱོབ་པའི་སློབ་མ་ཡིན་པ་དང་། དེ་
བཞིན་སྒ་ཨ་གཉན་དམ་པ་ཆོས་རྗེ་ས་པཎ་གྱི་སློབ་མ་ཡིན་ཚུལ་ལོ་རྒྱུས་ཡོངས་གྲགས་སུ་གསལ་ལོ། །དེ་རྗེས་དུས་རབས་བཅུ་གསུམ་པའི་དཀྱིལ་ཙམ་
ན། འབྲི་གུང་བཀའ་བརྒྱུད་པའི་ཁྲི་ཐོག་ལྔ་བ། ཏཻ་ལོའི་རྣམ་འཕྲུལ་གཅུང་པོ་རྡོ་རྗེ་གྲགས་པའི་དུས་སུ། སྒོམ་པ་ལ་ཁྲི་དཔོན་གྱི་འཇའ་ས་ལོན་ཏེ། བྱར་
དྭགས་ཚུན་ལུང་གིས་མངའ་བསྒྱུར་པས་སྟོབས་འབྱོར་གྱི་ལོངས་སྤྱོད་ཤིན་ཏུ་ཆེ་ཞིང་ཚོགས་པ་ཆེན་པོ་འདུས། ཁམས་ནས་ཀྱང་གྲྭ་རྒྱུན་མང་པོ་སོང་
བར་བསྟུན། དྲུང་ཚང་གི་གདན་ས་བཀྲ་ཤིས་སྒང་འདི་གཅུང་རིན་པོ་ཆེ་ལ་ཕུལ་པས། གཅུང་གིས་ཆོས་སྒོ་བ་ཡེ་ཤེས་རྡོ་རྗེ་(རབ་བྱུང་བཞི་པའི་ལྕགས་
སྟག་༡༢༣༠ལོ)གདན་ས་འཛིན་ཏུ་གཏོང་ཞིང་། མ་འོངས་པར་དགོན་འདི་ཉག་ཕྲ་བའི་དུས། བསྟན་པ་ཉམས་གསོ་ཆེད་ཁོང་བྱོན་ཡོང་བ་ཞལ་གྱིས་
བཞེས། དེ་ནས་བཟུང་འབྲི་གུང་བཀའ་བརྒྱུད་པའི་བསྟན་པའི་རྩིས་ཟིན་ནས། འཇིག་རྟེན་མགོན་པོའི་ཟབ་ཆོས་བསྟན་སྙིང་དང་། དགོངས་གཅིག་གི་
བཤད་རྒྱུན་སྐྱོང་ཞིང་། ཆོས་དྲུག་དང་ལྔ་ལྡན་གྱི་སྒྲུབ་བརྩོན་པ་རབ་ཏུ་འཕེལ། དུས་དེ་ཙམ་ན་དགོན་འདི་དར་རྒྱས་ཀྱི་རྩེར་སོན་པ་ཡིན་ཏེ། འབྲི་
གུང་བཀའ་ཤོག་ལས། སྒ་ཟེལ་དཀར། སྒ་ཁམས་མགྱོགས། འབྲུ་ཚེ་བྷྲཱུཾ། འདན་ཆོས་འཁོར། ཤར་དཔལ་ཁྲོད་སོགས་རྒྱལ་བ་འབྲི་གུང་པའི་ཁམས་དགོན་
བརྒྱ་དང་ཉེར་བརྒྱད་ལས་མཆོག་ཏུ་གྱུར་པ་སྒ་བཀྲ་ཤིས་དགོན་ཡིན་གསུངས་པ་ལྟར། ས་འབྲི་མ་འཁྲུགས་གོང་དགོན་འདི་དར་རྒྱས་ཤིན་ཏུ་ཆེ་བ་
མངོན། དེའི་དུས་ཀྱི་འདན་ཆོས་འཁོར་དང་ཤར་དཔལ་ཁྲོད་སོགས་ལ་དགེ་འདུན་ཁྲི་དུ་མ་འདུས་ཚུལ་དེ་དག་རང་རང་གི་ལོ་རྒྱུས་རྣམས་ལས་

གསལ་བ་ལྟར་ཡིན་པས་དེ་ལས་ཆེ་ཚུལ་གསུངས་པ་ལྟར་དང་། དགོན་པའི་དཀར་ཆག་ཐོར་བུ་ལས། ཇོ་བོ་མི་འགྲོ་གསུང་བྱོན་གཙོས་ཇོ་བོ་བརྒྱ་རྩ་
བརྒྱད། ཆོས་སྐུ་མཆོད་རྟེན་བཀྲ་ཤིས་འོད་འབར་གཙོས་མཆོད་རྟེན་བརྒྱ་རྩ་བརྒྱད། སྟེང་ན་གསེར་གྱི་བཀའ་འགྱུར་གཙོས་བཀའ་འགྱུར་བརྒྱ་རྩ་
བརྒྱད། བར་ན་གླིང་གི་ཕ་འབུམ་གཙོས་འབུམ་ཆ་བརྒྱ་རྩ་བརྒྱད། འོག་ན་གསེར་དངུལ་བསྟན་འགྱུར་གྱི་གཙོས་བསྟན་འགྱུར་བརྒྱ་རྩ་བརྒྱད། ཐོད་པ་
ཀཱ་ལ་སྨུག་ཆུང་། གསེར་གྱི་མཎྜལ་གཡུ་ཡི་ཚོམ་བུ་ཅན་སོགས་བཞུགས་པ་དང་། ཡར་དགོན་བར་དགོན། མར་དགོན་གསུམ་ཆགས་ཡོད་ཚུལ་གསལ།
དེ་རྗེས་ལྕགས་སྟག(༡༢༩༠)ལོར། འབྲི་གུང་གདན་སར་ས་སྐྱའི་དཔོན་ཨག་ལེན་གྱིས་དམག་ཆེན་དྲངས་ནས་འབྲི་གུང་བཅོམ་རྗེས། མདོ་ཁམས་འབྲི་
དགོན་ཕལ་མོ་ཆེ་ས་སྐྱར་བསྒྱུར་བ་དང་། འགའ་ཞིག་མིང་མེད་དུ་གཏོར། དེ་བཞིན་དཔལ་ལྡན་བཀྲ་ཤིས་སྒང་དགོན་ལ་གཏོར་བཤིག་ཚབས་ཆེན་
ཕོག་ནས་དགོན་ཁ་ཐོར་གྱུར། མཆོད་གཞིས་མང་པོ་ཤོར་ནས་བསྟན་སྲིད་ཉམས་གུད་གྱུར། ལོ་ཤས་རྗེས་ས་འགུལ་གྱིས་ལྷ་ཁང་བར་མ་མིན་པ་ས་འོག་
ཏུ་མནན་པ་སོགས་བྱུང་། དེ་ནས་དགོན་པ་ཡར་མར་ཁ་ཁར་གནས་ཀྱང་ཆོས་སྒོ་བའི་སྤྲུལ་སྐུ་རིམ་བྱོན་གྱིས་འཛིན་སྐྱོང་གནང་བ་ཡིན། དེ་ནས་རིམ་
པར་དུས་ཟིང་འཕོ་འགྱུར་དབང་གིས་དགོན་འདི་ཉམས་ཇེ་དམའ་དང་། བསྟན་པའི་གེགས་ཆག་ཆེན་པོ་བྱུང་བར་བརྟེན། སྔོན་སྨོན་ཐུགས་བསྐྱེད་
སྟོབས་ཀྱིས་གཅུང་པོ་རྡོ་རྗེ་གྲགས་པ། སླར་ཡང་བསམ་བཞིན་སྐྱེ་བར་བཞེས་ནས། བསྟན་དགོན་ཉམས་པ་གསོ་ཚུལ་ནི། ཁོང་རུས་མགར་ལས་མཆེད་
པས་མགར་སྤྲུལ་རྡོ་རྗེ་འཆང་ཞེས་མཚན་སྙན་གང་སར་ཁྱབ། སྔོན་གྱི་དགོན་གནས་རྣམས་དང་། སྐུ་གསུང་ཐུགས་རྟེན་དང་མཆོད་ཆ་རྣམས་ཕྱོགས་
གཅིག་བསྡུས་ནས་འབྲི་གུང་ཡང་རི་སྒར་ལྟར་ཆགས་ལུགས་གསར་བཅོས་དང་། ཐིག་རྡུལ་ཚོན། དབྱངས་རྔ་བརྡུང་། ཆོ་ག་ཆོས་སྤྱོད། གར་འཆམ་
འབུད་དཀྲོལ་བཅས་ཡང་སྒར་གྱི་ཕྱག་རྒྱུན་བཞིན་ཁུངས་དག་ལག་ལེན་མཛད་པས། སླར་ཡང་གཞན་དྲིང་མི་འཇོག་པའི་འབྲི་བསྟན་ཆེས་ཆེར་
གསལ་བ་བྱས། དེ་ཕྱིན་ཆོས་སྒོ་བ་སྤྲུལ་སྐུ་རིམ་བྱོན་དང་། མགར་སྤྲུལ་རྣམ་གཉིས་དཔལ་འབྲི་གུང་གི་སྐྱབས་མགོན་རྣམ་གཉིས་ལྟར། བླ་བྲང་གཅིག་
ཏུ་དགུང་ལོ་སུ་མཐོ་སློབ་དཔོན་དང་། ཆུང་བ་སློབ་མའི་ཚུལ་དུ་བཞུགས་ནས། ཞིང་ལ་སུ་ཕེབས་ནའང་དེའི་འདས་མཆོད་སྒྲུབ་ཅིང་། ཡང་སྲིད་རྩད་
གཅོད་དང་ཁྲི་འདོན། ཡོངས་འཛིན་གྱི་འགན་བཞེས་ཏེ་ཀ་ཁ་ནས་ཆོ་ག་ཆོས་སྤྱོད་བར་དང་། བཤད་སྒྲུབ་ཉམས་བཞེས་མཛད་ལུགས། ཐ་ན་འཇིག་
རྟེན་ལུགས། ཟ་འཐུང་། སྤང་བླང་སོགས། ཕ་མས་བུ་ལ་བརྩེ་བ་ལྟར་གཅེས་པས་སྐྱོང་བ་ཡིན་པས། ཐུགས་མཐུན་ཁྲིམས་གཙང་གི་མཛད་བཟང་དེས།
སྒ་བཀྲ་ཤིས་སྒང་གི་བླ་སྐུ་མཁན་སློབ་རྣམ་གཉིས་ཟེར་བ་རང་ཡུལ་ཙམ་མ་ཡིན་པར། སྒ་ཁོག་འདི་ནས་ཡིད་སྨོན་དང་གསོལ་འདེབས་མི་བྱེད་མཁན་
གཅིག་ཀྱང་མེད་པ་ལྟ་བུར་གྱུར་ཡོད།

  བཀྲ་ཤིས་དགོན་ལས། ཡུལ་ཤུལ་དགོན་སར་དང་དགེ་རྒྱས་བཀྲ་ཤིས་ལྷ་ཕུག་དགོན་གཉིས་གྱེས་པ་ཡིན་ལ། ཆོས་རྗེ་དང་རྫ་ནག་དབང་སྤྲུལ་རྣམ་
གཉིས་སྔར་རྒྱལ་བ་འབྲི་གུང་པའི་དགོན་གནས་བཀྲ་ཤིས་སྒང་གི་བླ་མ་ཡིན། ཕྱིས་དགོན་པ་རེ་བཏབ། མ་དགོན་བཀྲ་ཤིས་སྒང་ནི་འབྲི་གུང་པའི་
དགོན་པ་ཞིག་ཡིན་ཀྱང་། བུ་དགོན་དགོན་ཆེན་གཉིས་ཞྭ་སེར་གྲུབ་མཐའ་འཛིན་པར་ལོ་རྒྱུས་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་བྱུང་བར་གསལ།

  སྔར་གྱི་དགོན་པ་ཆགས་ཡུལ་ནི། གཡོན་རི་ལྷ་རི་རྣམ་རྒྱལ། འདུན་རི་གཉན་ཆེན་སྟག་རྩེ། གཡས་རི་སྟག་གཡག་སྟག་རྩེ། རྒྱབ་རི་མགོན་པོ་སྟག་རྩེ།
བྱང་ལུང་རྔ་སྒྲ་ལུང་པ། བྱང་ཤར་འབུད་དུང་ལུང་པ། ཤར་ལུང་གཡི་རབ་ལུང་། དཀར་རྩི་ཆུ་འགོ་ཁྲ་བོ། ཆགས་ཡུལ་མཎྜལ་སྤུང་འདྲ། ལྷ་རྒྱལ་བ་
རྒྱལ་མཚོ་དཀྱིལ་འཁོར་དང་འདྲ་བ་ལས་བཞི་སྒྲུབ་གནས་ས་དཔྱད་ཕུན་སུམ་ཚོགས་ལ། དགོན་མིང་ཐོགས་དོན་ཡང་དགོན་འདབས་ལ་སྤྲང་པོ་མ་
བུ་གཉིས་ཡོད་པར་མས་བུ་བཀྲ་ཤིས་སྒང་ལ་ཉི་མ་ཤར་འདུག་པས་ཡར་ལོངས་ཤིག་ཟེར་བའི་ཚིག་ལ་བརྟགས་ཏེ། བཀྲ་ཤིས་སྒང་ཞེས་བཏགས་པ་
ཡིན་པར་གྲགས་སོ། །

  འདི་ཡིན་ལོ་རྒྱུས་ཀྱི་སྤྱི་ཁོག་གམ་འཕེལ་འགྲིབ་ཙམ་སྔོན་དུ་འགྲོ་ཟིན་པས། བླ་མ་རྣམ་གཉིས་ཀྱི་སྐུ་ཕྲེང་ན་རིམ་དང་། སྐུ་གསུང་ཐུགས་རྟེན་གཙོ་ཆེ་
ཁག་ངོ་སྤྲོད། དུས་ཟིང་ཉམས་ཆག་མ་བྱུང་ཡར་སྔོན་གྱི་གནས་ཚུལ། ཡང་དར་བསྟན་པའི་ཉི་གཞོན་སླར་འཕྲོ་ཚུལ་བཞི་ལས། དང་པོ་སྤྲུལ་སྐུ་རྣམ་
གཉིས་ཀྱི་སྐུ་ཕྲེང་རིམ་བྱོན་གྱི་མཚན་དང་མཛད་ཕྲིན་ཁ་གསལ་ཆ་ཚང་ཞིག་བཀོད་པ་འབྲེལ་ཡོད་དཔྱད་གཞི་ཡིག་ཆ། དགོན་པའི་དཀར་ཆག་ཅེས་
པ་རས་གཞི་ངོས་དབུ་ཅན་བྲིས་རྙིང་ཞིག་དང་། དབུ་མེད་དམ་གཤར་མ་འདི་དགོན་གྱི་ཕྱག་རྒྱུན་སྒ་བྲིས་ཟེར་བ་ཡིག་གཟུགས་ལེགས་པ་ལྷ་ཁང་ཀ་
བ་གཉིས་བར་དཔྱངས་ནས་བཤམས་དགོས་པ་ཤིན་ཏུ་ཆེན་པོ་ཞིག་སྔར་ཡོད་འདུག་ཀྱང་དུས་ཟིང་འཕོ་འགྱུར་ཆུ་ཀླུང་ཀློང་དུ་ཐིམ་ཟིན་ན་མཇལ་
བའི་སྐལ་བ་དབེན་པས་ཤེས་དཀའ་བའི་གནས་སུ་གྱུར་ཡང་། དེ་ལས་ཕྲན་བུ་ཤེས་པ་རྣམས་བཀོད་ན།

  བླ་མ་མགར་སྤྲུལ་གྱི་སྐྱེས་རབས་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་གྲོང་ཁྱེར་ཛྙཿཀོ་ཞེས་བྱ་བར། ཡབ་བྲམ་ཟེ་གསལ་བ་དང་། ཡུམ་གསལ་ལྡན་
གཉིས་ཀྱི་སྲས་སུ། ས་བྱི(༩༨༨)ལོ་སར་རྒྱལ་གྱི་ཟླ་བའི་ཚེས་གཉིས་ཀྱི་ཐོ་རངས་སྐུ་འཁྲུངས་པས་ཡུལ་ཐམས་ཅད་འོད་ཀྱི་ཁྱབ་པར་གྱུར་ཏོ། ། མིང་ཡང་
གསལ་འོད་དུ་བཏགས། སྐུ་ཆུང་དུས་ནས་ཀློག་ཡི་གེ་དང་། རྩིས། སྒྲ། བརྡ། རིག་བྱེད་རྣམས་བསླབས་པས་བརྡ་ཙམ་གྱི་ཕུལ་དུ་ཕྱིན་པ་མཁྱེན་ཏེ་ཡོན་
ཏན་དུ་མའི་བདག་ཉིད་དུ་གྱུར། ལོ་བརྒྱད་ལོན་ཚེ་ཕྱག་ན་རྡོ་རྗེའི་ཞལ་གཟིགས་ནས་བྱིན་གྱིས་བརླབས། ལོ་བཅུ་གཉིས་ལོན་ཚེ་རིག་པའི་གནས་ལ་
མཁས་པའི་པཎྚི་ཏར་གྱུར་ཏེ། མཚན་ཡང་ཤེས་རབ་བཟང་པོ་ཞེས་གྲགས་སོ། ། མཁའ་འགྲོས་ལུང་བསྟན་ལྟར་སོ་མ་པུ་རིའི་གཙུག་ལག་ཁང་དུ་ཞབས་
ལྕགས་སྒྲོག་བཅུག་ནས། ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་པས་ཐུན་མོང་གི་དངོས་གྲུབ་བརྙེས་ཏེ། འཕགས་པ་ཀླུ་སྒྲུབ་བཙལ་དུ་ཕྱིན་པས། ལྷོ་ཕྱོགས་
འཇིགས་བྱེད་བཞད་པའི་དུར་ཁྲོད་དུ། སློབ་དཔོན་སྤྱོད་པའི་རྡོ་རྗེ་མ་ཏང་ཀི་སྤྱིལ་པོ་ན་བཞུགས་པ་དང་མཇལ་བས། སློབ་དཔོན་དྲི་ཟའི་གྲོང་ཁྱེར་དུ་
གཤེགས། ཁོ་བོ་ནི་ཁྱེད་རྗེས་སུ་འཛིན་པ་ལ་བཏང་བ་ཡིན་པས། མཎྜལ་ཕུལ་གསུངས་པ་ལ། བླ་མར་བཟུང་སྟེ། དབང་དང་གདམས་ངག་མཐའ་ཡས་
པ་གནང་། སེམས་ཀྱི་དེ་ཁོ་ན་ཉིད་ངོ་སྤྲད་དེ་ལུང་བསྟན་པ། ཟ་ཧོར་གྲོང་ཁྱེར་ཧ་རི་ཀ་ཞེས་བྱ་བར་སྤྲུལ་བའི་རྒྱལ་པོ་ཨུད་མ་སྐྱེས་པས་བྱིན་གྱིས་
བརླབས་ཤིང་། རང་བཞིན་གྱིས་འགྲུབ་ཐག་ཉེ་བ་དེའི་ཚོང་འདུས་སུ། སྨད་ཚོང་མ་དྷ་རི་ཞེས་བྱ་བ་ཡོད་པས་དེའི་གཡོག་གྱིས་ལ་རྟོག་པ་སྦྱོངས་ཤིག་
ཅེས་ལུང་བསྟན་པ་ལྟར། སྨད་འཚོང་མའི་ཐད་དུ་ཕྱིན། གཡོག་ཏུ་ཁས་བླངས་པས། ཏིལ་རྡུང་དུ་བཅུག་སྟེ། དེས་ཀྱང་ཏིལ་བརྡུངས་ཤིང་ལམ་སྦྱངས་
པས། རེ་ཞིག་ཏིལ་ལ་མར་གནས་ཀྱང་བརྡུང་བཙིར་མ་བྱས་ན་མངོན་དུ་མི་འགྱུར་བ་བཞིན། རང་སེམས་སངས་རྒྱས་སུ་གནས་ཀྱང་། ཉམས་སུ་མ་
བླངས་ན་མངོན་དུ་མི་འགྱུར་དགོངས་ནས། ཉམས་སུ་བླངས་པས་དེ་ཁོ་ན་ཉིད་མངོན་དུ་གྱུར་ཏེ། རྡོ་རྗེ་འཆང་ཆེན་པོས་མངོན་སུམ་དབང་བསྐུར་
ཞིང་། རྒྱུད་གདམས་པ་གནང་ནས། གྲོང་ཁྱེར་པ་རྣམས་ལ་མཐོང་སྣང་བྱུང་ཚུལ་ནི། མེ་དཔུང་གཅིག་ལ་མར་མེ་ནི། །བཅུ་བཞིས་བསྐོར་བ་མཐོང་བ་
དང་། །འོད་ཕུང་དཀྱིལ་དུ་དགེ་སློང་བསམ་གཏན་བཞུགས། ལ་ལས་རྣལ་འབྱོར་དུར་ཁྲོད་རྒྱན་ལྡན་ཞིག །མཛེས་ལྡན་མང་པོས་བསྐོར་བ་བྱེད་པར་
མཐོང་། །དྷ་རི་མ་ལ་བསྙད་ཚེ་རིངས་པར་ནི། །བལྟ་བར་ཕྱིན་ཚེ་ནམ་མཁའ་འོད་ཕུང་གི། །དཀྱིལ་ན་རོལ་བའི་སྟབས་ཀྱིས་བཞུགས་ནས་སུ། །གཏུན་
ཤིང་ལྷུང་ཐབས་སྒྱུར་ཞིང་ཏིལ་འབྲུར་ཐོར། །དྷ་རི་མོ་ནི་འགྱོད་པའི་མེ་ཡིས་གདུངས། །ཕྱག་བསྐོར་བྱས་ཤིང་མཎྜལ་ཕུལ་ནས་ནི། །སྟོབས་བཞི་སྒོ་ནས་
བཤགས་པ་བྱས་པ་ལས། །རྗེ་བཙུན་དེས་ནི་ཐུགས་རྗེའི་སྤྱན་གྱིས་གཟིགས། །ང་ཡི་རྒྱུད་ལ་སྐྱེས་པའི་རྟོགས་པ་འདི། །གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་
ཤེས་མཆོག །ཁྱེད་ཀྱི་སྙིང་ལ་ཡང་དག་གནས་གྱུར་ཅིག །ཅེས་གསུངས་མེ་ཏོག་མགོ་ལ་བཞག་ཙམ་གྱིས། དྷ་རི་མ་ནི་འཁོར་བཅས་གྲོལ་བ་ལགས། ཡང་
ལུགས་གཅིག་ལ་ཡུལ་དང་ཡབ་ཡུམ་རིགས་རུས་དགེ་མཚན་རྣམས་གོང་དང་འདྲ་ལ། ནགས་སུ་མ་ཧེ་སྐྱོང་བ། མཁའ་འགྲོ་མས་ལུང་བསྟན་ནས། ནུབ་
ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྫས་གསུམ་ཁྱེར་ཏེ་བྱོན་ནས། རྒྱ་རྣམ་པ་གསུམ་བཀྲོལ་ཏེ་འཇིག་རྟེན་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལྟ་སྟངས་
ཀྱིས་གཟིར་ནས། གཙོ་མོ་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་མཇལ་ཏེ། འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་ལེའུ་ལྔ་བཅུ་ང་གཅིག བཤད་རྒྱུད་རྣམ་པ་དྲུག་
དང་བཅས་ནོར་བུ་སྐོར་གསུམ་གྱི་མན་ངག ལུས་མེད་མཁའ་འགྲོ་ཆོས་སྐོར་དགུ་དང་བཅས་པ་བསྣམས་ནས་མཁའ་འགྲོ་མ་རྣམས་ཀྱིས་བཤོལ་ཀྱང་
མ་བཞུགས་པར་འདི་སྐད་ཅེས། ང་ནི་མཁའ་ལ་བྱ་བཞིན་དུ། །ཐོགས་མེད་ཤེས་རབ་བཟང་པོ་འགྲོ། །ནཱ་རོ་ཏི་ཏི་ཀ་སོ་རི། །བུ་རྣམས་དོན་དུ་རྣལ་
འབྱོར་བདག །གཙུག་གི་ནོར་བུའི་དགོན་པར་འགྲོ །ཞེས་གསུངས་ཤིང་མཛད་པའི་རྣམ་སྤྲུལ་མཐའ་ཡས་པ་སོགས་བསྟན་ནས་ཚུར་ཕེབས་པས། ཏཻ་ལོ་
པས་ཨོ་རྒྱན་གྱི་མཁའ་འགྲོ་མ་དངོས་ལས་ཆོས་གསན་འདུག་ཅེས་སྙན་པས་རྒྱ་གར་ཕྱོགས་ཐམས་ཅད་ཁྱབ་པས། གདུལ་བྱའི་འཕྲིན་ལས་རབ་ཏུ་རྒྱས་
ཏེ་མུ་སྟེགས་རྣམས་ནང་པའི་བསྟན་ལ་བཀོད། ཤར་ཕྱོགས་ཟ་ཧོར་གྱི་འགྲོ་བ་རྣམས་མཁའ་སྤྱོད་ཀྱི་གནས་སུ་དྲངས་ཤིང་། ལན་གསུམ་བར་དུ་སྟོངས་
པར་མཛད་ཅིང་། ས་བྱ(༡༠༦༩)ལོ་ཟླ་དང་པོའི་ཚེས་བཅུ་བཞིར་སྐུ་ལུས་དེ་ཉིད་མཁའ་སྤྱོད་དུ་གཤེགས་སོ། །
     འབྲི་གུང་གི་གདན་རབས་ལྔ་བ་གཅུང་རིན་པོ་ཆེ་རྡོ་རྗེ་གྲགས་པ་ནི། རྗེ་སྐྱོབ་པ་རིན་པོ་ཆེའི་ཡབ་ཀྱི་སྐུ་མཆེད་དཀོན་མཆོག་རིན་ཆེན་གྱི་སྲས་ཨ་ཉེ་
ཨ་གྲགས་ལ་སྲས་གསུམ་འཁྲུངས་པ་ལས། གཅུང་རིན་པོ་ཆེ་ཉིད། སྒ་ཡུལ་ནོན་འཇམ་འོམ་བུ་ལུང་(ཨ་ཁྲོ་སྣེ་འགུ་གྲོང་གི་ཡར་ནང་འོམ་བུ་ཐང་ཞེས་
དང་། ནོན་འཇམ་ཞིང་ཞེས་པ་གཉིས་ལ་ནོན་འཇམ་འོམ་བུ་ལུང་ཡིན་པ་རྒན་སྐྱུ་རའི་བསམ་གཏན་རྣམ་རྒྱལ་གྱིས་དཔྱད་ཞིབ་མཛད་ནས་
གསུངས།)ཞེས་པར། ལྕགས་རྟ(༡༢༡༠)ལོར་སྐུ་བལྟམས། དགུང་ལོ་དྲུག་ལ་ཉེ་བ་ན། ཡབ་ཡུམ་སྲས་དང་བཅས་འབྲི་གུང་དུ་ཕེབས། ཆོས་རྗེ་སྐྱོབ་པའི་
དྲུང་ནས་རབ་ཏུ་བྱུང་། མཚན་རྡོ་རྗེ་གྲགས་པར་གསོལ། རྗེའི་ཞལ་ནས། འདི་ཉིད་ཏཻ་ལོ་པ་ཆེན་པོའི་རྣམ་སྤྲུལ་ཡིན། ངེད་རང་ཐམས་ཅད་ལས་བསྟན་
པར་ཕན་ཞིང་ཕྲིན་ལས་རྒྱ་ཆེ་བ་ཡོང་གསུངས། དགུང་ལོ་བདུན་གྱི་ཚེ། རྗེ་སྐྱོབ་པ་ཞིང་དུ་གཤེགས་པས། དབོན་བསོད་ནམས་གྲགས་པས་བདག་སྐྱོང་
མཛད་ཅིང་། བྲིས་ཀློག་དང་འཇིག་རྟེན་གྱི་བསྟན་བཅོས་ཀུན་ལ་བྱང་བར་མཛད། སྙིང་པོའི་ཆོས་ཐམས་ཅད་གང་བྱོལ་ཚུལ་དུ་གསན། གཞན་ཡང་
དགེ་བའི་བཤེས་གཉེན་དུ་མ་ལས། བདེ་དགྱེས་གསང་གསུམ་སོགས་མདོ་རྒྱུད་མང་དུ་གསན་ཅིང་སྦྱངས་པས་མཁས་པ་མཆོག་ཏུ་གྱུར། དགུང་ལོ་ཉེར་
གཅིག་པར་རྟ་ར་ཡོན་ཏན་སྟེང་ཁ་བྱ་བར། འདག་སྦྱར་གྱིས་ལོ་བཅུ་གསུམ་བར་རིམ་གཉིས་ཟབ་མོའི་དུས་འདའ་བར་མཛད། ཡི་དམ་གྱི་ལྷ་མང་དུ་
ཞལ་གཟིགས། དངོས་གྲུབ་ཀྱི་མཚན་མ་བརྙེས། དགུང་ལོ་ཉེར་ལྔ་པ་ལ། དབོན་རིན་པོ་ཆེ་དག་ཞིང་དུ་གཤེགས་པས་གདན་སར་ཕེབས་པར་གསོལ་
ཀྱང་། ལོ་གྲངས་སམ་དམ་བཅའ་མ་ཐེམས་པར་ཞལ་གྱིས་མ་བཞེས། དེའི་ཚེ་གྲུབ་ཐོབ་ཀརྨ་པཀྵིར་གོང་མ་སེ་ཆེན་རྒྱལ་པོས་ཁྲིམས་ཀྱི་རྣམ་གྲངས་དུ་
མ་བཅད་པ། རྫུ་འཕྲུལ་གྱིས་སྐྱོན་མ་བྱུང་ཡང་། ཙན་དན་གྱི་མེར་ཞག་གསུམ་བསྲེགས་པས་སྐུ་ཚེའི་འདུ་བྱེད་གཏོང་ལ་ཉེ་བ་ན། རྗེ་ཉིད་རྣལ་འབྱོར་
པའི་ཆ་བྱད་ཀྱིས་སེང་གེ་ལ་ཆིབས་ཏེ་མདུན་གྱི་ནམ་མཁར་བྱོན་ནས། འོད་ཟེར་སྣ་ཚོགས་འཕྲོ་བཞིན། ཨོཾ་ཨཱཿཧཱུྃ་གི་རྣམ་པ་ཀརྨ་པ་ལ་བསྟིམས་ནས་སྐུ་
ལུས་རྡོ་རྗེས་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། རྒྱལ་བ་ཀརྨ་པ་ཁྱེད་མ་འཇིགས་པར། ཟད་པ་མེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཞུ། གསུངས་པས། ཀརྨ་པས་ཁྱེད་སུ་ལགས། ཞིང་གང་དུ་བཞུགས་ཞུས་པས། ཁོ་བོ་སྔོན་འཕགས་ཡུལ་ན་ཏིལླི་པ། ད་ལྟ་འབྲི་གུང་ན་གཅུང་རྡོ་རྗེ་གྲགས་པ་
ཞེས་བྱ་བ་ཡིན། ཞིང་ཁམས་བརྒྱ་ལ་ཁོ་བོའི་སྤྲུལ་པ་རེ་རེ་ཡོད། གསུངས་ནས་མི་སྣང་བར་གྱུར། དེའི་ཚེ་གྲུབ་ཆེན་ཀརྨ་པཀྵིས། མེ་དཔུང་འབར་བའི་
དབུས་ནས་མགུར་གསུང་གིན་འདུག་པར། རྒྱལ་པོ་འཁོར་བཅས་དད་ཅིང་བཤགས་པ་ཕུལ་ཞིང་རྒྱུ་མཚན་ཞུས་པས། ཀརྨ་པས། སངས་རྒྱས་ཀུན་
འདུས་འབྲི་གུང་པ། །འགྲོ་བའི་དེད་དཔོན་རྡོ་རྗེ་གྲགས། །ཞེས་སོགས་མགུར་གསུངས། སེ་ཆེན་གྱིས་འབུལ་བ་དཔངས་མཐོན་པོ་ཕུལ་པའི་ནང་ནས།
 རྟེན་ཁྱད་འཕགས་ཆོས་སྐུ་མཆོད་རྟེན་བཀྲ་ཤིས་འོད་འབར། གཅུང་རྡོ་རྗེ་གྲགས་པའི་གདན་ས་བཀྲ་ཤིས་སྒང་ལ། བླ་མའི་སྐུ་དྲིན་བསབ་ཕྱིར་ཕུལ་པ་
ཡིན། དགུང་ལོ་ཞེ་དྲུག་པ་འདག་སྦྱར་དམ་བཅའ་ཐེབས་ནས། འབྲི་གུང་ཆེ་དགུ་ཐམས་ཅད་ཀྱིས་འཇིག་རྟེན་གསུམ་མགོན་གྱི་ཆོས་ཁྲིར་མངའ་
གསོལ་ཏེ། གདུལ་བྱ་རྣམས་ལ་ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར་བ་དང་སྨིན་གྲོལ་གྱི་ལམ་ལ་བཀོད། ཆོས་རྗེ་སྐྱོབ་པས་ལུང་བསྟན་པ་ལྟར། བོད་ཐམས་
ཅད་ཞི་བའི་སྒོ་ནས་དབང་དུ་འདུས་ཤིང་སྔོན་ལྟར་དགེ་འདུན་ཡང་ཁྲི་ཚོ་བཅོ་བརྒྱད་འདུས། གཙུག་ལག་ཁང་དང་དེ་བཞིན་གཤེགས་པའི་སྐུ་
སོགས། སོ་སྐྱེའི་བློ་ལས་འདས་པའི་ངོ་མཚར་ཅན་དེ་དག་རིང་པོ་མི་ཐོགས་པར་སྐད་ཅིག་ཉིད་ལ་གྲུབ་པར་མཛད་དེ། རྗེ་ཉིད་ཀྱིས་དབུས་དགེ་སློང་
སྡོམ་ལྡན་ཁྲི་ཕྲག་བཅུ་གཉིས་ཀྱིས་རྒྱུད་སྡེ་དུ་མའི་སྒོ་ནས་རབ་གནས་མཛད། སྐབས་ཤིག་ཧོར་གྱི་རྒྱལ་པོ་ཁས་ཏེ་ཁ་ཞེས་གདུག་པ་ཅན། དམག་མི་
མང་པོ་དང་བཅས་འདམ་དུ་ལྷགས་ཏེ་དབུས་གཙང་གི་དགེ་བཤེས་མི་དཔོན་ཐམས་ཅད་ཁྲིམས་ལ་གཏུགས་ཕྱིར་བསྡུས་པའི་སར། རྒྱལ་བ་ཉིད་ཀྱང་
གདན་དྲོངས་པའི་ཚེ། སྐུ་འཁོར་རྟ་དཀར་ཞོན་པ་ལྔ་བརྒྱས་ཐོག་དྲངས། འཁོར་ཚོགས་དུ་མ་དང་བཅས་ཕེབས་པའི་གཟི་བརྗིད་མ་བཟོད་ནས་རྒྱལ་པོ་
དང་མཉམ་པའི་ཁྲི་བརྩེགས་སྟེང་བཞུགས་སུ་གསོལ། རྒྱལ་པོས་རྗེ་ཉིད་ཧེ་རུ་ཀཿརུ་མཐོང་སྟེ། བློན་པོ་རྣམས་ལ་སྨྲས་པ། དེ་རིང་བླ་མ་དེ་མིག་གསུམ།
མཆེ་བ་དང་བཅས་པ་འཇིགས་སུ་རུང་བ་ཞིག་འདུག་ཨང་ཟེར། སྟག་ལུང་སངས་རྒྱས་ཡར་བྱོན་སྐུ་ཁམས་མ་བདེ་བས་བྱོན་མ་ཐུབ་པས། བཙན་གྱིས་

འགུགས་སུ་བྱུང་བར། རྗེ་འདིས་ཧོར་རྒྱལ་ལ་སྟག་ལུང་གདན་དྲོངས་ན་གཤེགས་པ་འགྱུར་བས་གདན་མ་འདྲེན། ཁོང་གིས་ཅི་དགོས་ཀུན་ཁོ་བོས་
སྒྲུབ། ངེད་དྭགས་པོ་བཀའ་བརྒྱུད་ཀརྨ་པ། སངས་རྒྱས་ཡར་བྱོན། ངེད་གསུམ་འདྲ་བ་ཡིན། གསུངས་ནས་ངོ་ཆེན་མཛད་པའི་ཚེ། སངས་རྒྱས་ཡར་བྱོན་
གྱི་མནལ་ལམ་དུ། གྲུབ་ཆེན་ཏིལླི་པས་ཞལ་གཟིགས་ཏེ་ཁྱོད་ཧོར་གྱི་རྩ་རུ་འབྱོན་མི་དགོས་པ་ཁོ་བོས་བྱས་ཡོད། རྒྱ་གར་གྱི་ཏིལླི་པ་དང་། བོད་འདིར་
གཅུང་རྡོ་རྗེ་གྲགས་པ་ཡིན། གསུངས་ཤིང་མཉེས་མཉེས་མཛད་པར། ཐུགས་རྗེས་འཛིན་པ་ཞུས་པས། དེ་ཙམ་མི་དགོས། ཁོ་བོའི་སྤྲུལ་པ་གཅིག་ཁྱོད་
ཡིན། གསུངས་མི་སྣང་བར་གྱུར། འཁོར་རྣམས་ལ། ཁོ་བོ་འདམ་དུ་འགྲོ་མི་དགོས་པར་འདུག་གསུངས་ཏེ་ལོ་རྒྱུས་ཞིབ་ཏུ་བྱོན་ནས། གཅུང་རིན་པོ་
ཆེར་བསྟོད་པ་ཉེར་བདུན་པ་མཛད་དོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པས་ཞབས་ལ་བཏུད་ཅིང་། བོད་ཁམས་འཇིགས་པ་ལས་ཐར་བར་མཛད་
དེ། སླར་འབྲི་གུང་དུ་ཕེབས་ནས། རྒྱལ་བའི་བཀའ་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་གི་གླེགས་བམ་བསམ་གྱིས་མི་ཁྱབ་པ་བཞེངས་པར་མཛད།
དགེ་འདུན་ཚོགས་པ་འབུམ་ཕྲག་ལྷག་ལ། ཕ་ཆོས་ལྔ་ལྡན། ཆོས་དྲུག་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་ཅིང་།
གངས་རི་དང་། ལ་ཕྱི། ཙཱ་རི་གནས་གསུམ་ལ་རི་པ་འབོར་ཆེན་མངགས། བསམ་བརྗོད་ལས་འདས་པའི་གདུལ་བྱའི་ཕྲིན་ལས་རབ་ཏུ་རྒྱས། ཧོར་གྱི་
བཙན་འཛུལ་པས་དབུས་གཙང་ཐམས་ཅད་འཇོམས་པ་ལ་ཉེ་བའི་འཇིགས་པ་དུ་མ་བྱུང་ཡང་། ཐབས་མཁས་དང་རྫུ་འཕྲུལ་གྱིས་བོད་ཁམས་བ