མཇུག་མཐའི་ཡུལ་ལྗོངས་གཙང་མའི་རེ་འབོད་སྐྱེ་བ་ལྔ་པའི་གཤོག་སྒྲ།

——ཁྲིམས་འགལ་གཏེར་སྔོག་ལ་གདོང་གཏད་ཀྱི་ཁྲིམས་ལུགས་ཤེས་བྱའི་ཀློག་དེབ། 

 

 

རྩོམ་སྒྲིག་པ། བསྟན་འཛིན་བཀྲ་ཤིས།

 

 

མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྷན་ཚོགས།

 

སྔོན་འགྲོའི་གཏམ།

སྣོད་ཀྱི་འཇིག་རྟེན་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། མི་སོགས་བཅུད་ཀྱི་སེམས་ཅན་དང་སྐྱེ་འགྲོ་ཡོངས་ཀྱི་འཚོ་རྟེན་གྱི་གཞི་མ་དང་ལོངས་
སྤྱོད་མངའ་ཐང་གི་རྨང་གདན་ཡང་ཡིན་པར་ཁོ་ཐག་ཆོད། དེ་བས་ས་གཞི་དང་བཅས་པའི་ཁོར་ ཡུག་ལ་ཕོག་ཐུག་ཤོར་དོགས་དང་
བདག་སྐྱོང་བྱ་རྒྱུ་དེ་ཡང་གཞི་རྩའི་གནད་དོན་ཞིག་ཏུ་གྱུར་ཡོད། གལ་ཏེ་ཁོར་ཡུག་ལ་གནོད་འཚེ་ཡོད་མེད་དང་ཆེ་ཆུང་གཞིར་བྱས་
ཏེ་འགྲོ་བ་ཡོངས་ནས་གང་ཞིག་དཔལ་ཡོན་ལྡན་མིན་ལ་བརྟག་ན་མིའི་རིགས་ནི་ཀུན་གྱི་རྗེས་སུ་སྙེགས་པར་གདོན་མི་ཟ། དེས་ན་གོ་
ལའི་སྐྱེ་འགྲོའི་ཕུད་དུ་རློམ་པའི་མིའི་རིགས་ཀྱིས་སྣོད་ཀྱི་འཇིག་རྟེན་ལས་རང་ཉིད་འགྲོ་ཉལ་བཟའ་གྱོན་གྱི་མཁོ་དགོས་ལེན་པར་
འགལ་རྐྱེན་དང་ཕོག་ཐུག་མི་འགྲོ་བར་ཅི་ནས་ཀྱང་གཟབ་དགོས་ཏེ། ཁོར་ཡུག་ལ་གཏོར་བཤིག་དང་མནོལ་བཙོག་འགྲོ་སོང་དུ་བཏང་
སྟེ་དཔལ་འབྱོར་སྟེང་གི་ཁེ་སྤོག་འབའ་ཞིག་འཚོལ་བ་དེ་ནི་འདོད་ཆུང་ཆོག་ཤེས་དང་བྲལ་བའི་སྨྱོན་པའི་ཟློས་གར་ཙམ་དུ་ཟད། རྒྱལ་
ཕྱི་ནང་ཐམས་ཅད་ནས་གཏེར་ཁ་དང་ཐོན་རྫས་ལ་བག་མེད་ཀྱིས་སྔོག་འདོན་དང་བེད་སྤྱོད་བྱས་པས་ཁོར་ཡུག་དང་ཐོན་ཁུངས་ཐ་
ན་སྤྱི་ཚོགས་ལ་མནོལ་བཙོག་དང་འགལ་རྐྱེན་ཚབས་ཆེན་བཟོས་པའི་དཔེར་བརྗོད་ཤིན་ཏུ་མང་། འདི་ནས་ང་ཚོས་ཁོར་ཡུག་གནད་
དོན་གཙོར་བྱས་ཏེ། རང་རྒྱལ་སྤྱི་དམངས་ཀྱི་རྩ་བའི་ཁེ་དབང་གང་དག་ཡོད་པ་ནས་བརྩམས། ཐོན་ཁུངས་གསར་འབྱེད་སྣ་ཚོགས་དང་
ལྷག་པར་དུ་གཏེར་ཁ་སྔོག་འདོན་ལ་ཇི་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཏོན་པའི་སྤྱི་དམངས་ལྟ་སྐུལ་གྱི་དབང་ཆ་ལག་ལེན་
དང་བེད་སྤྱོད་བྱས་ཏེ་གཞི་ནས་ཁོར་ཡུག་སྲུང་སྐྱོང་དང་ཁེ་དབང་འགན་སྲུང་གི་དམིགས་ཡུལ་དོན་ཐོག་ཏུ་དབབ་དགོས་པ་འགྲེལ་
བཤད་བྱས། ལྟ་སྐུལ་གཙོ་བོར་བྱས་ནས་བཤད་པའི་དགོས་པ་ཡོད་དེ། ལྟ་སྐུལ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཏོན་པའི་མི་
དམངས་རང་ཆུས་རང་བདག་གི་དབང་ཆ་ལག་ལེན་བྱེད་པའི་རྩ་བའི་བརྒྱུད་ལམ་དང་སྒྲིག་གཞི་ཡིན་ལ། སྤྱི་དམངས་ཀྱི་ཁེ་དབང་
གཞན་རྣམས་འགན་སྲུང་ཐུབ་པའི་རྨང་གཞི་ཡང་ཡིན་ཞིང་། གཏེར་ཁ་སྔོག་འདོན་དང་གཏད་པའི་ཁོར་ཡུག་སྲུང་སྐྱོང་དང་ཁེ་དབང་
འགན་སྲུང་གི་རྩ་བའི་བརྒྱུད་ལམ་ཡང་ཡིན། དོན་དངོས་ཀྱི་ཁྲོད་དུ་ཁྲིམས་འགལ་གཏེར་སྔོག་རྐྱང་པར་བཀག་སྡོམ་ཅུང་སླ་ཞིང་།
ཁྲིམས་མཐུན་གྱི་ལག་ཁྱེར་ལ་ཁ་གཡར་ནས་མི་མཐུན་པའི་བྱ་བ་སྒྲུབ་པ་དང་ཁྱད་པར་དུ་སྲིད་གཞུང་གི་ལས་བྱེད་པ་དང་གཏེར་སྔོག་
མཁན་གཉིས་དཔོན་ཚོང་མཉམ་སྡེབ་ཀྱི་སྤྱོད་སྟངས་དེས་མང་ཚོགས་ལ་སེམས་ཁྲེལ་དང་ཞེ་སྡང་བསླངས་ཤིང་། དེ་རིགས་བཀག་
འགོག་དགོས་ཚེ་དཀའ་ཁག་སྔར་ལས་ཀྱང་ཆེ། དེ་ཡང་ལྟ་སྐུལ་ལམ་ལུགས་ནི་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་པ་ལ་ལྟ་སྐུལ་
བྱེད་པའི་ཕྱིར་དུ་བཙུགས་པས། མང་ཚོགས་ཀྱིས་རྒྱལ་ཁབ་དབང་ཆ་ཡི་མི་དམངས་རང་བཞིན་དང་དམངས་གཙོ་རང་བཞིན་ལ་གོ་བ་
གཏིང་ཟབ་ཡོད་པ་དང་རང་ཉིད་རྒྱལ་ཁབ་ནང་གི་ཐོབ་ཐང་དབང་ཆ་ཅི་ཡོད་དང་རྒྱལ་ཁབ་ཀྱི་བདག་པོ་རང་ཉིད་ཡིན་པར་ངོས་
ཟིན་ཚེ། གཞི་ནས་ལུགས་དང་འགལ་བའི་དཔོན་ཚོང་ངན་འབྲེལ་གྱིས་རྒྱལ་ཁབ་དང་ཡུལ་སྡེ་དང་མི་སྒེར་གྱི་ཁེ་ཕན་ལ་གནོད་འཚེ་
དང་བར་ཆད་བཟོ་བའི་མི་དང་བྱ་སྤྱོད་ལ་མང་ཚོགས་ཀྱིས་གདོང་གཏུག་དང་ངོ་རྒོལ་ནུས་པའི་སྤོབས་པ་བསྐྱེད་སྲིད། གཞན་ཡང་དེབ་
ཆུང་འདིའི་ནང་མདོ་དབུས་མཐོ་སྒང་གི་འབྱུང་བ་དང་ཐོན་ཁུངས་གནས་ཚུལ་འོལ་སྤྱི་ཙམ་བཀོད་པའི་དམིགས་ཡུལ་ནི། གངས་ཅན་
ལྗོངས་འདི་རིན་ཆེན་གཏེར་གྱི་བང་མཛོད་དང་། རི་སྐྱེས་སྲོག་ཆགས་ཀྱི་ཕ་ས་དང་། སྐྱེས་དངོས་སྣ་འཛོམས་ཀྱི་ལྡུམ་ར་དང་། རྟེན་
འབྲེལ་རིག་གནས་ཀྱི་བདག་པོ་དང་། འཛམ་གླིང་ཆུའི་གཏེར་ཁ་དང་། གོ་ལའི་ཁ་དབུགས་ཀྱི་འགག་རྩ་དང་། གཞན་ཡང་བྱམས་དང་
སྙིང་རྗེའི་བདག་ཉིད། གླུ་དང་གར་གྱི་ཕ་ཡུལ། ཆབ་དང་ཆུ་བོའི་འབྱུང་གནས། རྟ་ནོར་ལུག་གི་གཡང་ས་སོགས་སུ་འབོད་པ་ཐམས་
ཅད་སྒྲོ་འདོགས་དང་བྲལ་བའི་མིང་དང་དོན་མཚུངས་ཀྱི་ཆེ་བརྗོད་ཡིན་ལ། དེ་འདྲའི་ཁྱད་དུ་འཕགས་པའི་ཡུལ་ལྗོངས་འདི་འཛམ་
གླིང་སྐྱེ་འགྲོ་ཡོངས་ཀྱི་སྤྱི་ནོར་ཡིན་པས། གལ་ཏེ་རང་རེ་བོད་མི་རིགས་གཙོར་བྱས་པའི་མཐོ་སྒང་འདིར་འཚོ་སྡོད་བྱས་པའི་མི་རྣམས་
ཀྱིས་ཡུལ་ལྗོངས་འདིའི་ཁོར་ཡུག་དང་དེར་བསྟུན་གྱི་རིག་གནས་ལ་སྲུང་སྐྱོང་གང་ལེགས་ཐུབ་ན། ཕ་མེས་རྒྱལ་ཁབ་དང་འཛམ་གླིང་
ཡོངས་ལ་དེ་བས་ལྷག་པའི་བཞག་པ་མེད་པར་ཁོ་ཐག་ཆོད། འོན་ཏེ་གངས་རིའི་ལྗོངས་འདི་འཛམ་གླིང་སྐྱེ་ཁམས་ཡོངས་ནས་ཤིན་ཏུ་
ཉམས་ཤིང་ཞུད་པའི་ཡུལ་ཁམས་ཞིག་ཡིན་པས། གལ་ཏེ་ཡུལ་འདིའི་ཁོར་ཡུག་ལ་ཉམས་གུད་དང་མནོལ་བཙོག་རེ་ཤོར་ན་ནམ་ཡང་
སོས་དཀའ་ཞིང་འཛམ་གླིང་ལའང་གྱོང་གུད་དང་གནོད་ཚབས་དེ་ལས་ཆེ་བ་མེད་ངེས། གཏེར་ཁ་སྔོག་འདོན་ནི་སྲོག་ལྡན་ཞིག་གི་
དོན་སྣོད་ཕྱི་རུ་འདོན་པ་དང་གཅིག་མཚུངས་ཡིན་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་དེ་ལས་ཆེ་བར་མེད་པའི་མིའི་རིགས་ཀྱི་བྱ་
ཉེས་ཀྱི་ཆ་ཤས་ཤིག་རེད། དེ་བས་རང་ཅག་གི་རེ་འདུན་ལ། མི་གཙོས་སྐྱེ་འགྲོ་ཡོངས་ཀྱི་བདེ་སྡུག་ལ་སེམས་ཏེ། ས་འདི་ནས་ཁྲིམས་
འགལ་གཏེར་སྔོག་རྩ་བ་ནས་གཅོད་པ་མ་ཟད་ཁྲིམས་མཐུན་གྱི་གཏེར་སློག་ཀྱང་གཟབ་ནན་གྱིས་བཀག་སྡོམ་བྱ་དགོས་ངེས་རེད།
གཞན་ཡང་མདོ་དབུས་མཐོ་སྒང་ཡུལ་ལྗོངས་ཡངས་ཤིང་རྒྱ་ཆེ་བས། ས་གནས་སྲིད་གཞུང་གི་དོ་དམ་ལས་ཀ་དེ་ཙམ་མ་ཕེར་པའི་
དབང་གིས་ཀྲུང་དབྱང་སྲིད་གཞུང་ལའང་ས་གནས་འདིར་འཚོ་སྡོད་བྱས་པའི་མི་རིགས་ཁག་གིས་དེའི་ཁོར་ཡུག་ལ་མནོལ་བཙོག་དང་
ཐོན་ཁུངས་ལ་གཏོར་བཤིག་བཟོས་པའི་གནས་ཚུལ་ཞིབ་ཕྲ་རྣམས་དུས་དུས་སུ་ཞུ་འབུལ་དང་ཐེར་འདོན་བྱེད་པའི་དགོས་གལ་ཤིན་
ཏུ་ཆེ། ང་ཚོའི་རེ་འབོད་ལ། ད་ལྟ་དང་མ་འོངས་པར་གོ་ལ་འདིར་འཚོ་གནས་སུ་འཆའ་བའི་འགྲོ་བ་སྤྱིའི་ཆེད་དུ་རྟིང་མཐའི་ཡུལ་
ལྗོངས་གཙང་མ་འདི་བརྣབ་སེམས་རྒྱུ་སྲེད་ཅན་གྱིས་མ་ཁྱེར་བར་བཞག་རོགས་གནང་དང་།
  དེ་སྔོན་ང་ཚོས་དྲིལ་བསྒྲགས་དང་བློ་འདྲིའི་ལས་ཀ་ཚང་མ་ཁ་ཡིས་བཤད་པ་ཙམ་ལས་ཡིག་ཐོག་ལ་འཁོད་མ་ཐུབ་པས་ཕལ་ཆེར་
བསམ་བཞིན་གྱི་གྲུབ་འབྲས་མ་ཐོབ་ཅིང་། རང་གི་འཚོ་གནས་ཁོར་ཡུག་ལ་གཏོར་བཤིག་དང་མནོལ་བཙོག་ཕོག་པའི་ཡུལ་ཚོ་དང་མི་
སྒེར་རྣམས་ཀྱིས་རང་རེའི་ཚོགས་པ་ལ་ལྟ་སྐུལ་དང་དབང་སྲུང་ཐད་ཀྱི་ཁྲིམས་ལུགས་ཡིག་ཆ་མཁོ་དགོས་ཀྱི་རེ་འདུན་ཡང་ཡང་བཏོན་
པས། རང་ཚོགས་པས་རྒྱ་བོད་སྐད་གཉིས་ཀྱི་ཀློག་དེབ་འདི་བསྒྲིགས་པ་ཡིན། དེབ་ཆུང་འདི་བརྒྱུད་དེ་ཞུ་རྒྱུ་ལ། མང་ཚོགས་སམ་སྤྱི་
དམངས་ཀྱི་ཁེ་དབང་ལ་གནོད་འཚེ་ཕོག་ཚེ། ཇི་ལྟར་ཁྲིམས་ལུགས་ཀྱི་ཐབས་ཤེས་བཀོལ་ཏེ་རང་དང་གཞན་གྱི་ཁྲིམས་མཐུན་ཁེ་དབང་
སྲུང་སྐྱོང་བྱ་ཚུལ་བསྟན་ཡོད་དེ། དཔེར་ན། ཁྲིམས་ལུགས་གང་ལ་བརྟེན་པ་དང་། ལས་ཁུངས་གང་དག་འཚོལ་བ་དང་། ཐབས་ཚུལ་
གང་འདྲ་བཀོལ་ནས་རང་དང་ཡུལ་ཚོའི་ཁེ་དབང་འགན་སྲུང་བྱ་བའོ། །དེབ་ཆུང་འདི་རིན་མེད་ཀྱིས་ཕུལ་བའི་སྤྱི་ཕན་གྱི་ཀློག་དེབ་
ཅིག་ཡིན། ང་ཚོའི་འདུན་པ་ལ་དེབ་ཆུང་འདི་ཐོབ་པའི་ཀློག་པ་པོ་སུ་ཡིན་རུང་ཁྱོད་ཀྱི་ཉེ་འཁོར་གྱི་དགོས་མཁོ་ཡོད་པའི་ཡུལ་མི་དང་
མཉམ་དུ་གཟིགས་པ་དང་། ཁྱོད་ཉིད་ཀྱང་ཁོར་ཡུག་ཁེ་དབང་སྲུང་སྐྱོང་གི་ཁྲིམས་ལུགས་དྲིལ་བསྒྲག་པ་ཞིག་ཏུ་འགྱུར་བའི་རེ་སྨོན་
ཡོད། ང་ཚོ་ཚང་མས་ནང་བཅུད་ཀྱི་སེམས་ཅན་སྲོག་ཆགས་ཀྱི་བར་དང་ཕྱི་སྣོད་དང་ནང་བཅུད་སེམས་ཅན་ཀྱི་བར་ཐམས་ཅད་འཆམ་
མཐུན་དང་དཔལ་ཡོན་གྱིས་ཕྱུག་པའི་ཁྲིམས་ལྡན་གྱི་འཇིག་རྟེན་གཙང་མ་ཞིག་བཅའ་བར་འབད་དགོས།



     
དཀར་ཆག །



ལེའུ་དང་པོ།
ང་ཚོའི་ཁྱིམ་གཞི་ངོ་སྤྲོད་པ།
མདོ་དབུས་མཐོ་ཐང་གི་ཐོན་དངོས་རགས་སྤྲོད།
དང་པོ་རྩྭ་ཐང་།
གཉིས་ཆབ་ཆུ།
གསུམ་པ་སྐྱེ་དངོས།
བཞི་པ་གནམ་གཤིས།
ལྔ་པ་སྲོག་ཆགས།
དྲུག་པ་ནགས་ཤིང་།
བདུན་པ་གཏེར་རྫས།
བརྒྱད་པ་རིགས་གནས།


ལེའུ་གཉིས་པ།
ང་ཚོའི་ཁྱིམ་གཞིའི་ཉེན་ཁ།
གཏེར་རྫས་སྔོག་འདོན་གྱི་གནས་ཚུལ།
དང་པོ་མདོ་དབུས་མཐོ་ཐང་གི་གཏེར་ཁ་སྔོག་འདོན་གནས་ཚུལ།
གཉིས་པ་ཁྲིམས་འགལ་གཏེར་སྔོག་གི་རྣམ་པ།
གསུམ་པ་ཁྲིམས་འགལ་གཏེར་སྔོག་གིས་ཡུལ་སྡེ་ལ་གནོད་གྱོང་ཕོག་པ།


ལེའུ་གསུམ་པ།
ཁྱིམ་གཞི་བསྲུང་པར་ང་ཚོར་དབང་ཆ་ཡོད།
དང་པོ་ལྟ་སྐུལ་དབང་ཆ་དང་ལྟ་སྐུལ་སྒྲིག་གཞི།
གཉིས་པ་ལྟ་སྐུལ་རྨང་གཞི་དང་ཕུགས་རྟེན་དང་བྱེད་པོ།
གསུམ་པ་ལྟ་སྐུལ་བྱ་ཡུལ་དང་གཙོ་གནད།
བཞི་པ་ལྟ་སྐུལ་དགོས་པའི་རྒྱུ་མཚན།
ལྔ་པ་ལྟ་སྐུལ་བྱེད་པའི་འཛེམ་བྱ།
དྲུག་པ་ལྟ་སྐུལ་གྱི་སྔོན་འགྲོ།
བདུན་པ་ལྟ་སྐུལ་གྱི་བརྒྱུད་ལམ།
ཤེས་བྱའི་སྒྲོམ་བུ།
གཏེར་སྔོག་ལ་གཏད་སོ་བྱས་པའི་ཡུལ་སྡེའི་དབང་ཆ།


ལེའུ་བཞི་པ།
ལག་ལེན་དངོས་སུ་བསྟར་བ།
གཏེར་སྔོག་གཏད་སོ་བྱས་པའི་ཁྲིམས་ཀྱི་བྱ་ཐབས།
དང་པོ་ཡུལ་སྡེ་ལ་འབྲེལ་བའི་གཏེར་ཁ་སྔོག་འདོན་གྱི་སྐད་ཆ་གོ་བར་བྱེད་པ་དང་འབད་དེ་དེའི་འཆར་འགོད་ལ་ཞུགས་རྒྱུ།
གཉིས་པ་ཁྲིམས་ལྟར་ཁྲིམས་འགལ་གཏེར་སྔོག་ལ་རྩད་གཅོད་དང་བཀག་འགོག་བྱེད་པ།
གསུམ་པ་ཁྲིམས་ལྟར་གཏེར་དཔོན་གྱི་བྱ་སྤྱོད་རྩད་གཅོད་བྱེད་པ།
བཞི་པ་ཁྲིམས་ལྟར་གཏེར་དཔོན་གྱི་བཙན་སྤྱོད་བཀག་འགོག་བྱེད་པ།
ཤེས་བྱའི་སྒྲོམ་བུ།
གཏེར་ཁ་སྔོག་པས་ཡུལ་སྡེའི་ཁོར་ཡུག་དང་མི་ལུས་རྒྱུ་ནོར་ལ་གནོད་འཚེ་བཟོས་ན། ཁྲིམས་ལྟར་ཁེ་དབང་འགན་སྲུང་བྱ་ཆོག །

སྔོན་འགྲོའི་གཏམ།    ལེའུ་དང་པོ།    ལེའུ་གཉིས་པ།    ལེའུ་གསུམ་པ།    ལེའུ་བཞི་པ།     ཟུར་བཀོད།

      རྩོམ་པ་པོས་མཁོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུ།